[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འཕྲོད་བསྟེན་ལས་དོན་ལེགས་པར་སྒྲུབ། མང་ཚོགས་བདེ་ཐང་ཡོང་བར་བརྩོན།

    —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གསོ་རིག་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལ་དམ་པོར་དམིགས་ནས“བདེ་ཐང་ཁྲེང་ཀོན”བསྐྲུན་རྒྱུ་དེ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་གྱི་འཐབ་ཇུས་གསར་པར་བརྩི་བ་དང་། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་དེ་དོན་ལ་བབས་སར་བྱས་ནས་རྨང་གཞི་བརྟན་གཏོང་དང་། སྒྱུར་བཅོས་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི”རྣམ་པ་གསར་པ་རིམ་གྱིས་གཏོད་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། གསོ་རིག་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་པས། ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་སྐབས་མང་ཚོགས་ཚོར་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་དང་། དེ་བས་འཆམ་མཐུན་གྱི་སྨན་པ་དང་ནད་པའི་འབྲེལ་བ། དེ་བས་སྐྱིད་སྣང་དོད་པའི་སྨན་བཅོས་ཁོར་ཡུག་བཅས་ལོངས་སྤྱོད་ཐུབ་པ་བྱས་ཡོད།

    འགན་ལེན་ལམ་ལུགས་འཐུས་སྒོ་ཚང་པོ་བྱུང་བ།

    མང་ཚོགས་ཀྱི་སྨན་རིན་གྱི་ཁུར་པོ་ཡང་དུ་ཕྱིན་པ།

    2018ལོ་ནས་བཟུང་། ཁྲེང་ཀོན་ཆུས་ཀྱིས་ཞིང་འབྲོག་པའི་གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། ཞིང་འབྲོག་མང་ཚོགས་ཚོའི་ནད་ཆེན་གྱི་སྨན་རིན་རྩིས་ཞུའི་ཐད་2018ལོར་ཞིང་འབྲོག་མང་ཚོགས་13963ལ་དངུལ་སྒོར་ཁྲི་41.89གྲབས་གསོག་བྱས་པ་དང་མ་དངུལ་གྲབས་གསོག་བྱེད་ཚད་99.71%ཟིན་ཡོད། རྒྱལ་ཁབ་ཀྱིས་སྨན་རིན་རྩ་ཆག་གི་ཐེབས་རྩའི་དངུལ་སྒོར་ཁྲི་550སྤྲད་པ་དང་ཁྲེང་ཀོན་ཆུས་ཀྱིས་རིམ་པ་དེ་གའི་ནོར་སྲིད་ནས་ཆེད་དོན་མ་དངུལ་སྒོར་ཁྲི་800བཏང་བ་དེ་དག་རྩིས་ཞུའི་བསྡུར་ཚད་མཐོ་རུ་གཏོང་རྒྱུར་སྤྱད་པ་མ་ཟད། མ་དངུལ་དུས་ཐོག་དང་འདང་ངེས་བཞིན་དོན་འཁྱོལ་བྱས་ཡོད། ཁྲེང་ཀོན་ཆུས་ཀྱིས་སྨན་བཅོས་རོགས་སྐྱོབ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་མི་ཐེངས་151ལ་སྨན་བཅོས་རོགས་སྐྱོབ་བྱས་ཏེ་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་སྒོར་ཁྲི་67.8བཏང་ཡོད།

    སླད་ཕྱིན་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་གཏོང་ཚད་མཐོ་རུ་བཏང་སྟེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་སུ་རྫོང་རིམ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྨན་བཅོས་ལྟེ་གནས་ཐོག་མ་དེ་འཛུགས་རྒྱུ་དང་། དན་བག་དང་ཚེ་སྨོན་གླིང་སྡེ་ཁུལ་ལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་འཛུགས་རྒྱུ། རྒྱ་མཚོ་དང་གཤོང་དགའ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཀྱི་ས་ཆ་འདེམས་པ་དང་རྣམ་གྲངས་དོན་འཁྱོལ་བཅས་བྱས་ནས་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

    དུད་སྦྲེལ་བདེ་ཐང་ལ་སྐུལ་འདེད་བཏང་བ།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིར་དོ་ཁུར་བྱས་པ།

    ཁྲེང་ཀོན་ཆུས་ཀྱིས“གཉིས་ལྡན་དུད་སྦྲེལ”གྱི་ལས་སྟེགས་གང་ལེགས་སྤྱད་དེ་དུད་སྦྲེལ་བདེ་ཐང་དང་། དགོན་པའི་བདེ་ཐང་། སློབ་གྲྭའི་བདེ་ཐང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བས། “བདེ་ཐང་ཞབས་ཞུ་དང་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི”བྱེད་ཐབས་ཤིག་ཆགས་ཡོད།

    2018ལོ་ནས་བཟུང་། ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིས་ཁྱིམ་ཚང་སྨན་པ་དང་གན་འཇོག་ཞབས་ཞུའི་ལས་དོན་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིས་ཞབས་ཞུའི་གན་རྒྱ་འཇོག་ཚད་98%ཟིན་ཡོད། གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་ཞབས་ཞུའི་གན་རྒྱ་འཇོག་ཚད་100%ཟིན་པ་དང་འབྲེལ། བདེ་ཐང་ཞབས་ཞུའི་ལྗང་མདོག་གཱ་སྤྲད་པ་དང་གཱ་དེ་ཡོད་པའི་མང་ཚོགས་ཁོངས་གཏོགས་སྨན་ཁང་དུ་ནད་གཞི་ལྟ་ཆོག་པ་མ་ཟད། སྨན་རིན་ཆག་ཡང་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད། 2018ལོའི་ཟླ་11པའི་ཟླ་མཇུག་བར། མི་161509ཡིས་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་པ་དང་གན་རྒྱ་འཇོག་ཚད་98.04%ཟིན་ཡོད་ལ། ཞབས་ཞུ་ཁྱབ་ཚད་89.18%ཟིན་ཡོད།

    རིམ་དབྱེའི་སྨན་བཅོས་བྱེད་ཐབས་འཚོལ་ཞིབ་བྱས་པ།

    ལུགས་མཐུན་སྨན་བཅོས་ཀྱི་རྣམ་པ་གསར་པ་བཏོད་པ།

    ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྱིས་གཞི་རིམ་གྱི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ལུགས་མཐུན་ངང་སྒྲིག་གཞི་འཆར་འགོད་བྱས་ཡོད། མིག་སྔར་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་23བསྐྲུན་པ་དང་། “གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་བདེ་ཐང་ཞབས་ཞུའི་ཁུལ”རྩ་བའི་ཆ་ནས་བསྐྲུན་ཡོད།

    “སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི”འབྲེལ་བ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་བཅས་དབར“སྨན་བཅོས་མཉམ་འབྲེལ་སྒྲིག་གཞི”བཙུགས་པ། བར་སྐོར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། ཀྲུང་རི་མཛའ་གྲོགས་སྨན་ཁང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་བཅས་དབར“སྨན་བཅོས་མཉམ་འབྲེལ་སྒྲིག་གཞི”བཙུགས་པ་མ་ཟད། རྒྱང་བསྟེན་སྨན་བཅོས་འབྲེལ་བ་བཙུགས་ཡོད་པ་རེད། ཀརྨ་དགོན་གསར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་དབར“སྨན་བཅོས་མཉམ་འབྲེལ་སྒྲིག་གཞི”བཙུགས་པ་དང་། རང་སྐྱོང་མི་དམངས་སྨན་ཁང་གསུམ་པ་དང་སྨན་རྩིས་ཁང་གི་རིགས་གཅིག་མཁས་ཅན་སྔ་རྗེས་སུ་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིར་སྨན་བཅོས་བྱེད་པར་བསྐྱོད་ཡོད། སྒོར་ཁྲི་31.2བཏང་ནས་གྲགས་ཅན་གྱི་རིགས་གཅིག་མཁས་ཅན་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་ཡུན་རིང་སྨན་བཅོས་བྱེད་པར་གདན་དྲངས་པས། རིགས་གཅིག་མཁས་ཅན་བསྟེན་དཀའ་བ་དང་རིགས་གཅིག་མཁས་ཅན་བསྟེན་པར་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ཐུབ་པ། རིགས་གཅིག་མཁས་ཅན་6གིས་སྨན་བཅོས་ཐེངས་34དང་ནད་པ་མི་ཐེངས་6239ལ་སྨན་བཅོས་བྱས་ཡོད།

    གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་ཀྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་རིམ་པ་དང་པོའི་སྨན་བཅོས་སྒྲིག་གཞི་ཐོག་མར་འཛུགས་པའི་ལས་དོན་འཚོལ་ཞིབ་བྱ་རྒྱུ་དང་འབྲེལ། “རིམ་དབྱེའི་སྨན་བཅོས”ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ད་ཡོད་ཀྱི“སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི”འབྲེལ་བ་སྲ་བརྟན་དུ་བཏང་ནས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་སྨན་བཅོས་འགན་སྲུང་གཱ་སྤྱོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།