[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འགྱུར་སོང་།

    —— ཡར་ལངས་ཞིང་བྲན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་གྲོང་ཚོའི་གྲོང་མི་གྲོ་གྲོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-27

    597233_yis_1551157018077_s.jpg

    འདི་ནི་གྲོ་གྲོས་ནང་མི་ཚོར་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་བརྗོད་བཞིན་པའི་གནས་ཚུལ་ཡིན་པ།

    མི་སྣའི་རྒྱབ་ལྗོངས། 

    བགྲེས་མོ་གྲོ་གྲོ་1950ལོའི་ཟླ་བ་གཉིས་པར་སྐྱེས་པ་དང་ད་ཆ་ལོ་69ལ་སླེབས་ཤིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་དགུན་ཚང་གྲོང་ཚོར་འཚོ་བ་སྐྱེལ་གྱི་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་ཁོང་གི་ནང་མི་བཞི་པོ་རྡོ་ཕུར་གཞིས་ཀའི(གཞིས་ཀ་དེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉང་ཆུ་གཙང་འགྲམ་དུ་ཡོད་པ་དང་ས་བབ་དམའ་ལ་ས་ཞིང་གཤིན་ཁར་ཤིང་སྣ་ཕུན་སུམ་ཚོགས་པོ་ཡོད)ཞིང་བྲན་ཡིན་ཞིང་། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གཞིས་བདག་གི་ཞིང་ཁ་འདེབས་པ་དང་ཕྱུགས་འཚོ་དགོས་ལ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པའི་ཁར་ད་དུང་རྟག་པར་ཉེས་རྡུང་གཟེད་དགོས་ཀྱི་ཡོད། 1959ལོར་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་གངས་ལྗོངས་ས་གཞི་ཆེ་མོར་ཚ་ཚ་འུར་འུར་ངང་སྤེལ་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་། དེ་ནས་བཟུང་གྲོ་གྲོའི་ནང་མིའི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་ཕྱིན། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། གྲོ་གྲོའི་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་ཕྱིན་པ་དང་ད་ཆ་ནང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། 

    2019ལོའི་ཟླ་2ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར་དགུན་ཚང་གྲོང་ཚོའི་གྲོ་གྲོའི་སྒོ་རའི་ནང་གསར་འགོད་པ་དང་ཁོང་གི་བུ་ཕྲུག་ཚོ་བགྲེས་མོའི་འཁྲིས་སུ་བསྡད་ནས་ཇ་བསྲུབས་མ་འཐུང་བཞིན་བགྲེས་མོའི་གཏམ་རྒྱུད་ཉན་ནས་བསྡད། “ཆུང་དུས་པ་ཕ་དང་ཨ་མས་རྡོ་ཕུར་གཞིས་ཀའི་ཞིང་ཁ་འདེབས་པ་དང་ཕྱུགས་འཚོ་གི་ཡོད། ཉིན་ལྟར་ནམ་མ་ལངས་གོང་ནས་འགྲོ་དགོས་པ་དང་དགོང་མོ་ཕྱི་པོར་གཞི་ནས་ལོག་ཡོང་གི་ཡོད”ཅེས་རང་ཉིད་རྒྱུན་དུ་བཀྲེས་ལྟོགས་ཁྲོད་ལུས་པའི་གནས་ཚུལ་དག་བརྗོད། ཁོང་གིས“དེ་དུས་ངོ་དྲག་པའི་སྡོད་ཁང་མེད་པ་དང་ནང་མི་ཚང་མ་སྡོད་ཁང་གོག་ཧྲུལ་གཞིས་བདག་གི་ཕག་ཚང་ལས་ཀྱང་ཞན་པའི་ནང་སྡོད་ཀྱི་ཡོད། དབྱར་དུས་ཆར་པ་བབས་སྐབས་ཐིག་པ་རྒྱག་པ་དང་དགུན་ཁ་ལྷགས་པ་འཛུལ་ནས་ནང་མི་ཚང་མ་འཁུམས་ནས་སྡོད་ཀྱི་ཡོད། ནང་མི་བཞི་ལ་གོས་ངོ་དྲག་པ་ཆ་ཚང་ཞིག་ཀྱང་མེད་ལ། ཉལ་ཆས་གྱོན་རྒྱུ་ཟེར་བ་དེ་བས་སྤྲོས་བྲལ་རེད། དགུན་དུས་ནང་མི་ཚང་མ་འཁྱགས་ནས་ཁ་འདར་ཤོར་བ་དང་ལྟོ་ཡང་ཟ་རྒྱུ་མེད། ཐ་ན་ཟླ་བ་ཁ་ཤས་ཟ་རྒྱུ་གང་ཡང་མེད་པར་ལྟོགས་པའི་སྐབས་སུ་ཤིང་ཤུན་ཟ་བ་དང་སྐོམ་པའི་སྐབས་སུ་གངས་ཆུ་འཐུང་རྒྱུ་ལས་མེད། གྲོང་ཚོའི་ནང་ཞིང་བྲན་མང་པོ་ཡོད་པ་དང་ན་བའི་སྐབས་སུ་སྡུག་རུས་བྱས་ནས་སྡོད་པ་ལས། སྨན་པ་བསྟེན་རྒྱུ་ནི་སྤྲོས་བྲལ་རེད”ཅེས་དེ་སྔ་མྱངས་པའི་སྡུག་བསྔལ་དག་ང་ཚོར་བརྗོད། 

    བོད་རྙིང་པར་ཞིང་བྲན་རྣམས་སློབ་གྲྭར་བསྐྱོད་རྒྱུ་ནི་ཉིན་མོའི་རྨི་ལམ་ལྟ་བུ་རེད། ཁོང་གིས“ཞིང་བྲན་ལ་ཡི་གེ་སྦྱོང་བའི་དབང་ཆ་མེད།ང་ཚོ་ཕ་ཚ་བུ་རྒྱུད་ཚང་མས་ཡི་གེ་ཤེས་ཀྱི་མེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ངས་ཡི་གེ་ན་གཅིག་ཀྱང་ཤེས་ཀྱི་མེད”ཅེས་སེམས་སྡུག་ཆེན་པོས་བཤད། 

    1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ལུགས་གནས་དེར་གྲགས། “སྐབས་དེ་དུས་ཚང་མས་མའོ་ཀྲུའུ་ཞིས་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་ཚང་མར་ས་ཞིང་དང་ཕྱུགས་རིགས་བགོ་བའི་སྐོར་ལྐོག་ཏུ་ཤོད་སྐབས། གཞིས་བདག་རྡོ་ཕུར་གྱིས་ཤེས་རྗེས། ང་ཚོར་དེའི་སྐོར་ཤོད་མི་ཆོག་ཅེས་བཀའ་བཏང་བ་མ་ཟད། རྒྱུགས་ཁྱི་བཏང་ནས་དམངས་གཙོའི་བཅོས་སྒྱུར་སྐོར་གླེང་མཁན་རྣམས་བཟུང་བའི་སྐོར”བརྗོད་བྱུང་། 

    “1959ལོའི་ཟླ་གསུམ་པའི་ཉིན་ཞིག་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གིས་རྡོ་ཕུར་གཞིས་ཀའི་འགྲམ་ནས་ལམ་བཟོ་སྐབས། ང་དང་ཕྲུ་གུ་ཁ་ཤས་ལམ་བཟོ་སར་ལྟད་མོ་ལྟ་བར་ཕྱིན་པ་ཡིན། བཅིངས་འགྲོལ་དམག་མིའི་འཐབ་འཛིང་པ་ཞིག་གིས་ངའི་རྐང་པ་འཁྱགས་ནས་དམར་པོ་ཆགས་པ་དང་སྐྲངས་པ་མཐོང་རྗེས་ང་དམག་སྒར་དུ་ཁྲིད་ནས་རྐང་པ་བཀྲུས་པ་དང་རྨ་སྨན་བྱུགས་པ་མ་ཟད། ལྷམ་ཞིག་ང་ལ་སྤྲད་བྱུང་། མ་གཞི་ལྷམ་ཆེ་དྲགས་ཀྱང་དེ་ནི་ངའི་མི་ཚེར་ལྷམ་གྱོན་ཐེངས་དང་པོ་ཡིན”ཞེས་གྲོ་གྲོས་སེམས་འགུལ་ཐེབས་བཞིན་བཤད། 

    “ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་གཏམ་བཟང་ཐོས་སྐབས། ང་ཚོ་ནང་མི་ཚང་མ་དགའ་ཐག་ཆོད་ནས་མཚན་གང་གཉིད་ཀྱང་ཁུག་མ་བྱུང་། སྐབས་དེ་དུས་མི་ཚང་མས‘གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག’ཅེས་སྐད་གསང་མཐོན་པོས་འབོད་པའི་དགའ་སྤྲོའི་རྣམ་པ་དེ་ངས་ཚེ་གང་བརྗེད་པ་མི་འདུག”ཅེས་བཤད། 

    “དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་ལོ་གཉིས་པར་ནང་མི་ཚང་མར་ལྟོ་གོས་འཛོམས་པོ་བྱུང་ཡོད། ལོ་12ལ་ང་ཡིག་རྨོངས་འཛིན་གྲྭར་བསྐྱོད་པ་དང་སློབ་སྦྱོང་ལོ་གཉིས་བྱས་པ་བརྒྱུད་ཚགས་པར་ཀློག་ཐུབ་པ་དང་། 1970ལོར་ང་གྲོང་ཚོའི་རིག་གནས་ཤེས་མཁན་མང་པོ་མེད་པའི་གྲས་ཤིག་ཡིན་ཙང་། གྲོང་མི་ཚོས་གྲོང་ཚོའི་བུད་མེད་ཀྲུའུ་རེན་དང་རྩིས་པར་བདམས་བྱུང”ཞེས་གྲོ་གྲོས་བརྗོད། 

    ད་ཆ་གྲོ་གྲོ་གནས་སའི་དགུན་ཚང་གྲོང་ཚོ་གཙང་སྦྲ་དོད་ལ། ཨར་འདམ་ལམ་ཁྱིམ་ཚང་ཚང་མའི་སྒོ་རྩ་བར་བཟོས་ཡོད། བོད་ལུགས་ཁང་པ་གྲལ་སྟར་འགྲིག་པ་དང་གང་སར་རླངས་འཁོར་ཡང་མཐོང་རྒྱུ་ཡོད་ལ། དགའ་སྤྲོའི་རྣམ་པའི་ཁྲོད་གྲོང་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།