[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གསུམ་ལྡན་གྲོང་ཚོ་ནས་མངོན་པའི་བདེ་སྐྱིད་འཚོ་བའི་འཛུམ་ཞལ།

    ​ཆུ་ཤུར་རྫོང་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོའི་དབུལ་སྐྱོར་གནས་སྤོས་ས་ཚིགས་ཀྱི་ཟུར་བྲིས།

  • ཡོང་ཁུངས།      |    རྩོམ་པ་པོ།   ཟླ་ཚེ་གཞོན་པ་དང་། ཚེ་ཁོ། ཟླ་ཚེ་རྒན་པས།    |    སྤེལ་དུས།   2019-03-01

    597449_yis_1551172142194.jpg

    གསུམ་ལྡན་གྲོང་ཚོའི་སྟོན་མཇུག་གི་རྣམ་པ།

    གསུམ་ལྡན་གྲོང་ཚོ་ནི་ཆུ་ཤུར་རྫོང་གི་གནས་སྤོས་དབུལ་སྐྱོར་ས་ཚིགས་ཡིན་པ་དང་རྒྱལ་ལམ་318ཀྱི་འགྲམ་དུ་ཆགས་ཡོད། ཆུ་ཤུར་རྫོང་ནས་གསུམ་ལྡན་གྲོང་ཚོའི་བར་ལ་ལམ་ཐག་སྤྱི་ལེ་5ལས་མེད་པའི་ཁར་ཆུ་ཤུར་རྫོང་གི་མེ་འཁོར་བབས་ཚུགས་ཀྱང་གྲོང་ཚོ་དེ་གར་ཡོད་སྟབས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡོད། དབུལ་སྐྱོར་གནས་སྤོས་མང་ཚོགས་ལ་བཀོད་པ་ལེགས་པའི་སྡོད་ཁང་ཡོད་པ་དང་ཡོང་འབབ་བཟང་བའི་ལས་གནས་ཡོད་པ། དེ་བཞིན་ལུས་སེམས་བདེ་ཐང་ཡོད་པ་བཅས་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་གྲོང་ཚོའི་མིང་དུའང་གསུམ་ལྡན་ཞེས་སུ་ཐོགས། གསུམ་ལྡན་གྲོང་ཚོ་ནི་ཉེ་ལམ་ལོ་ཤས་རིང་རང་ལྗོངས་ཀྱིས་དབུལ་སྐྱོར་འགག་སྒྲོལ་ལས་དོན་སྤེལ་ཚུན། གངས་ལྗོངས་ས་མཐོར་དབུལ་སྐྱོར་གནས་སྤོས་ཀྱི་དཔེ་སྟོན་གྲོང་ཚོ་ཇི་སྙེད་ཅིག་ཐོན་པའི་ཁྲོད་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པའི་གྲོང་ཚོ་ཞིག་རེད།

    ངེད་བཅར་འདྲི་ཚོགས་ཆུང་དེ་གར་འབྱོར་སྐབས། མུ་ཏིག་སྟར་ལ་རྒྱུས་འདྲའི་བོད་བཟོའི་ཁང་བཟང་དང་། ཡངས་ཤིང་ཁོད་སྙོམས་པའི་གྲོང་ཚོའི་ཨར་འདམ་ལམ། ཉེ་འགྲམ་གྱི་བྱ་གསོ་ར་བ་དང་བ་གསོ་ར་བ། སྔོ་ཚལ་དྲོད་ཁང་ཆེ་མོ། དེ་བཞིན་གྲོང་ཚོའི་འཕྲོད་བསྟེན་ཁང་དང་བུ་བཅོལ་ཁང་སོགས་སྒྲིག་བཀོད་ཆ་ཚང་བའི་གྲོང་ཚོའི་ཉམས་དགའ་བའི་བཀོད་པ་མིག་ལམ་དུ་འཆར་བ་ན། ཡུད་ཙམ་གྲོང་ཚོའི་འཕེལ་རྒྱས་དེ་ལྟ་བུར་ཧང་སངས་བྱུང་ལ་བཅར་འདྲི་བྱེད་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་འཆར།

    རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བཞིན། གྲོང་ཚོ་གསར་པར་སྤོས།

    གསུམ་ལྡན་གྲོང་ཚོ་ནི་ཉེ་བའི་ལོ་ཤས་ནང་གསར་དུ་བསྐྲུན་པའི་གྲོང་ཚོ་ཞིག་ཡིན་པ་དང་། དེའང་ཆུ་ཤུར་རྫོང་གི་དབུལ་སྐྱོར་གནས་སྤོས་མང་ཚོགས་ལ་དམིགས་ནས་འཆར་འགོད་ཞིབ་ཕྲ་བྱས་པ་མ་ཟད། དུས་ཐུང་ཟླ་བ་བཞིའི་ནང་གྲོང་ཚོ་གསར་འཛུགས་དང་སྡོད་ཁང་གསར་སྐྲུན། དབུལ་པོའི་མང་ཚོགས་གནས་སྤོ་བཅས་ཡོངས་སུ་ལེགས་གྲུབ་ཟིན་པས་དེ་འདྲའི་ལས་ཕྱོད་ལ་སྐྱེ་བོ་ཀུན་ཧ་ལས་ཧང་སངས་ཤིང་། ངོ་མཚར་གྱི་བྱ་གཞག་དེར་ཆུ་ཤུར་གྱི་མྱུར་ཚད་ཅེས་འབོད་སྲོལ་ཡོད་པ་རེད། དེ་གར་གནས་སྤོས་དབུལ་པོའི་མང་ཚོགས་ལ་བཀོད་པ་ལེགས་པའི་ཐོག་བརྩེགས་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་ཁྱོན་སྡོམ་184བཀོད་སྒྲིག་བྱས་ཤིང་། ཁང་པའི་རྒྱ་ཁྱོན་ལའང་གནས་སྤོས་མང་ཚོགས་སོ་སོའི་ཐེམ་པའི་མི་གྲངས་ལ་གཞིགས་ཏེ་ཆེ་ཆུང་ཁག་གསུམ་དུ་ཕྱེ། གསུམ་ལྡན་གྲོང་ཚོར་འབྱོར་སྐབས། དང་ཐོག་མིག་ལམ་དུ་འཆར་བ་ནི་མུ་ཏིག་སྟར་ལ་རྒྱུས་འདྲའི་བོད་བཟོའི་ཁང་བཟང་དེ་དག་རེད། མི་ཚང་ཚང་མའི་ཐོག་ཁར་ཉི་དྲོད་ཆུ་སྦུག་བསྒར་ཡོད་པ་དང་ཁྱིམ་ཚང་ཕལ་ཆེ་བའི་ཁྱམས་རའི་ངོས་སུ་དྲོད་སྲུང་ཤེལ་ཁང་ཡང་ཡོད་པས་ཧོབ་སྟེ་བལྟས་ན་གྲོང་ཁྱེར་གྱི་སྒེར་ཁང་རྩེ་གྲ་དེ་ཚོ་དང་ཨ་ན་མ་ན་རེད་འདུག ཁྱིམ་ཚང་སོ་སོའི་སྒོ་འགྲམ་དུ་བཏབ་པའི་རྩྭ་རྩི་ཤིང་གི་ཁོར་ཡུག་བཀོད་པ་དང་གྲོང་ཚོའི་ལམ་དང་ལམ་སྒྲོན། ཐང་ཆེན། ལུས་སྦྱོང་ཐང་། ལུས་རྩལ་ཐང་སོགས་རྨང་གཞིའི་སྒྲིག་ཆས་མཐོང་བ་ཙམ་གྱིས་ཡིད་སེམས་གཉིས་ལ་ངམ་ངམ་ཤུགས་ཀྱིས་བདེ་བ་དཔག་མེད་ཅིག་སྦྱིན་པ་ལ་ཐེ་ཚོམ་ཅི། 

    གསུམ་ལྡན་གྲོང་ཚོའི་གནས་སྤོས་དབུལ་པོའི་མང་ཚོགས་ནི་ལྗོངས་ཡོངས་ཀྱི་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་ཨང་དང་པོའི་གྲས་ཡིན་པ་དང་། ཁོང་ཚོ་ཕྱོགས་གཅིག་ནས་སྡོད་ཁང་གསར་པར་སྤོ་རྒྱུ་བྱུང་བ་མ་ཟད་གནས་སྤོས་རྗེས་ཀྱི་འཚོ་བ་སོགས་གང་ཅིར་སེམས་ཁྲལ་མེད་སྟབས། ད་ཆ་གནས་སྤོས་མང་ཚོགས་གསུམ་ལྡན་གྲོང་ཚོར་ལུས་སེམས་གཉིས་ཀ་བདེ་ལ་འཁོད་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས་ལ། གནས་སྤོས་མང་ཚོགས་700ལྷག་ཙམ་གྱི་བཞིན་ལས་འཕྱུར་བའི་བཅོས་མིན་གྱི་འཛུམ་མདངས་ནས་མངོན་པ་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་ཆེས་བརྟན་པོ་དེ་རེད།

    འཕྲལ་ཕུགས་ཀྱི་སེམས་ཁྲལ་བསལ་བས། གྲོང་གསར་དུ་ལུས་སེམས་ཆགས།

    གནས་སྤོས་མང་ཚོགས་སྡོད་ཁང་གསར་པར་སྤོས་པ་ནི་དབུལ་སྒྲོལ་ཐུབ་པའི་མཚོན་རྟགས་ཤིག་ཡིན་ནམ་ཞེ་ན། དེའང་མ་ཡིན་ཏེ། གནས་སྤོས་དབུལ་སྐྱོར་མང་ཚོགས་དབུལ་པོའི་གནས་ལས་སྒྲོལ་བར་ད་དུང་གནས་སྤོས་མང་ཚོགས་ཀྱིས་དུས་རྒྱུན་དུ་སེམས་ཁྲལ་བྱེད་པའི་འཕྲལ་ཕུགས་ཀྱི་དཀའ་ངལ་རྣམས་བསལ་ནས་ཁོང་ཚོ་གང་མགྱོགས་དེ་གར་ཡུལ་ཆུ་གོམས་པ་དང་ལུས་སེམས་གཉིས་ཀ་ཆགས་པར་བྱེད་དགོས་གཤིས། ཆུ་ཤུར་རྫོང་གིས་དང་ཐོག་གསུམ་ལྡན་གྲོང་ཚོར་གྲོང་ཚོ་ཨུ་ཡོན་ལྷན་ཁང་གསར་དུ་བཙུགས་པ་དང་། རྟ་དཀར་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གསུམ་ལྡན་གྲོང་ཚོར་ཧྲུའུ་ཅི་ཨང་དང་པོ་བྱེད་པར་མངགས་པ་མ་ཟད། ཤང་ནས་ཕུལ་བྱུང་གི་ལས་བྱེད་པ་ལྔ་འདེམས་སྒྲུག་བརྒྱབ་སྟེ་གསུམ་ལྡན་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་རྩ་འཛུགས་ཀྱི་སྟོབས་ཤུགས་གསར་པ་བསྣན་པ་དང་། གནས་སྤོས་མང་ཚོགས་ལ་འཕྲད་པའི་བུ་ཕྲུག་གི་སློབ་གསོ་དང་གཟུགས་གཞི་བདེ་ཐང་སོགས་ཀྱི་དཀའ་གནད་ལ་མཐོང་ཆེན་བྱས་ཏེ་མ་དངུལ་སྒོར་ཁྲི་2063.6བཏང་ནས་གྲོང་ཚོར་བུ་བཅོལ་ཁང་དང་སྨན་ཁང་སོགས་གསར་དུ་བརྒྱབ་པ་མ་ཟད། གྲོང་ཚོའི་སྨན་ཁང་དུ་བོད་སྨན་ཚན་ཁག་དང་ཕྱི་ལུགས་ཚན་ཁག་ཡོད་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པའང་ཡོད། ཡང་སྒོས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་ཀྱང་འཐུས་སྒོ་ཚང་པོ་ཡོད། 

    གསུམ་ལྡན་གྲོང་ཚོའི་ཀྲུའུ་རེན་གྱིས་ཕྱོགས་གཅིག་ནས་གནས་སྤོས་མང་ཚོགས་ཁོར་ཡུག་གསར་པར་གང་མགྱོགས་གོམས་པ་དང་ཕྱོགས་གཞན་ཞིག་ནས་ཁོང་ཚོའི་བསམ་པའི་རིག་གནས་འཚོ་བ་གྲ་རྒྱས་ཕུན་ཚོགས་སུ་གཏོང་ཆེད། ང་ཚོ་གྲོང་ཚོའི་ཏང་ཀྲི་པུའུ་ནས་ཆེད་མངཌ་མི་སྣ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ལ་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་བ་དང་། རིག་རྩལ་མཁས་ཅན་གྲོང་ཚོར་གདན་དྲངས་ཏེ་མང་ཚོགས་ལ་ཞབས་བྲོ་སློབ་པ། ད་དུང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གཟའ་འཁོར་རེར་གྲོང་ཚོའི་ཐང་ཆེན་དུ་སྒོར་གཞས་འཁྲབ་པ་སོགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། 

    གསུམ་ལྡན་གྲོང་ཚོས་འབྲེལ་ཡོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་གནས་སྤོས་མང་ཚོགས་ཀྱིས་འབྱུང་འགྱུར་ལ་ཡིད་ཆེས་དང་རེ་བས་གཏད་རྒྱུ་གཉིས་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་ཁོང་ཚོར་སྒུག་བརྟེན་སློང་གསུམ་གྱི་གོམས་གཤིས་ངན་པ་དོར་ནས་རང་གི་ལག་ཟུང་ལ་བརྟེན་ནས་རང་རྟོགས་ངང་དབུལ་པོའི་གནས་ལས་སྒྲོལ་ཐབས་བྱེད་པའི་སྙིང་སྟོབས་འཕེལ་བར་བྱེད་པ་དང་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ཞིག་སྐྱེལ་དགོས་པའི་སློབ་གསོ་ཐེངས་མང་བརྒྱབ་པས་གནས་སྤོས་མང་ཚོགས་ཀྱི་བསམ་པའི་གོ་རྟོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། ངལ་ནུས་ཡོད་པ་རྣམས་ཆུ་ཤུར་རྫོང་ནས་གཉེར་བའི་ལག་རྩལ་འཛིན་གྲྭ་ཁག་ལ་འཚང་ཁ་ཤིག་ཤིག་གིས་མིང་ཐོ་བཀོད་ནས་ཡིད་ཆེས་དང་སྤོབས་སེམས་ཀྱིས་རབ་ཏུ་གཏད་དེ་འབྱོར་འབྲིང་གི་ལམ་ཆེན་དུ་གོམ་ཁ་བསྒྱུར་དང་སྒྱུར་མུས་སུ་མཆིས།

    ཕྱི་ནང་ཆ་རྐྱེན་འཛོམས་པས། འཇོན་ཐང་གི་ཁོ་ལག་རྒྱས།

    དབུལ་པོའི་རྩ་བ་དྲུངས་ནས་བྱིན་པའི་ཐབས་དམ་པ་ནི་དབུལ་པོའི་མང་ཚོགས་ལ་རང་ཁ་རང་གསོ་ཐུབ་པའི་འཇོན་ཐང་དང་དཔལ་འབྱོར་གྱི་ཡོང་ཁུངས་ཤིག་ངེས་པར་དུ་ཡོད་དགོས་གཤིས། ཆུ་ཤུར་རྫོང་གིས་སྔ་བར་ཕྱི་གསུམ་དུ་གནས་སྤོས་དང་ཐོན་ལས་ཟུང་སྦྲེལ་དང་། ཐོན་ལས་དང་ལས་ཞུགས་ཟུང་སྦྲེལ། ལས་ཞུགས་དང་འཇོན་ཐང་ཅན་གསོ་སྐྱོང་ཟུང་སྦྲེལ་བཅས་ལ་མཐོང་ཆེན་བྱས་ཤིང་། གནས་སྤོས་མང་ཚོགས་ལ་དཔལ་འབྱོར་གྱི་ཡོང་ཁུངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་དབུལ་པོའི་མང་ཚོགས་ཀྱིས་རང་གི་དབུལ་ཞྭ་རང་གིས་ཕུད་པའི་འཇོན་ཐང་དང་སེམས་ཤུགས་འཕེལ་བར་བྱས། 

    གནས་སྤོས་ཁུལ་དུ་མ་དངུལ་སྒོར་ཁྲི་1886.89བཏང་ནས་བྱ་གསོ་ར་བ་དང་བ་གསོ་ར་བ། སྔོ་ཚལ་དྲོད་ཁང་དང་ཚོང་ཁང་བཅས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། བ་གསོ་ར་བར་ཕྱུགས་རིགས་མགོ་གྲངས་500དང་བྱ་གསོ་ར་བར་བྱ་དེ་ཁྲི་5 དེ་བཞིན་སྨན་རྩྭ་འདེབས་འཛུགས་སོགས་འཕེལ་རྒྱས་བཏང་སྟེ་དབུལ་པོའི་ཐེམ་དུད་184དང་མི་གྲངས་712ཚང་མར་ལོ་མཇུག་ཏུ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་བཟང་བགོ་བཤའ་རྒྱག་རྒྱུ་ཡོད་པ་བྱས་པ་རེད། དུས་མཚུངས་དབུལ་པོའི་མང་ཚོགས་ལ་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་གཉེར་བར་མཐོང་ཆེན་བྱས་ཤིང་། དབུལ་པོའི་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དང་འདོད་མོས་ལ་གཞིགས་པ་དང་རྫོང་དེའི་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་དབུལ་པོའི་མང་ཚོགས་245ལ་གསོ་ཚགས་ལས་རིགས་དང་འདེབས་འཛུགས་ལས་རིགས། ལག་ཤེས་བཟོ་ལས་སོགས་ཀྱི་སྦྱོང་བརྡར་བྱས་ཡོད་པ་རེད། དགུང་ལོ་50ལ་སླེབས་པའི་ཚེ་རིང་ནི་ཆུ་ཤུར་རྫོང་ཚ་རགས་ཤང་པད་གླིང་གྲོང་ཚོའི་དབུལ་པོའི་ཁྱིམ་ཚང་ཡིན་ཞིང་། 2016ལོར་གསུམ་ལྡན་གྲོང་ཚོར་སྤོས་རྗེས་འབྲེལ་ཡོད་ལག་ཤེས་སྦྱོང་བརྡར་བརྒྱུད། གྲོང་ཚོའི་སྔོ་ཚལ་དྲོད་ཁང་ལ་ལས་ཀ་བྱེད་བཞིན་ཡོད་པ་དང་ཟླ་རེར་གླ་ཆ་སྒོར་3000ཙམ་ཡོད་པ་རེད། གསར་འགོད་པས་ཚེ་རིང་ལ་ད་ལྟའི་འཚོ་བ་འདྲི་སྐབས། ཁོང་གིས་ང་རང་གསུམ་ལྡན་གྲོང་ཚོར་སྤོས་ནས་ལོ་གཉིས་ཙམ་འགྲོ་གི་འདུག དང་ཐོག་གྲོང་ཚོ་གསར་པར་སྤོ་དུས་དེ་ཙམ་གོམས་ཀྱི་མི་འདུག་ལ། སྐབས་རེ་སེམས་པའང་གྲོང་ཚོ་གསར་པར་གནས་ཐུབ་ཀྱི་མི་འདུག འོན་ཀྱང་། ད་ལྟ་ས་ཆ་འདྲིས་ནས་འཚོ་བ་ཧ་ཅང་སྐྱིད་པོ་འདུག ལག་རྩལ་གསོ་སྦྱོང་དགེ་རྒན་གྱི་ལག་ལེན་དམར་ཁྲིད་འོག ད་ཆ་ངས་སྔོ་ཚལ་དྲོད་ཁང་གི་ལས་ཀ་མང་དག་ཅིག་ཁོང་དུ་ཆུད་པས་ཕྱིན་ཆད་ཀྱི་འཚོ་བ་ནི་དེ་ལས་སྐྱིད་པ་ཡོང་ངེས་རེད་ཅེས་ཡིད་ཆེས་དང་སྤོབས་སེམས་ཀྱིས་གཏད་དེ་བཤད།

    གནས་སྤོས་དུད་ཚང་གི་འཕྲལ་ཕུགས་ཀྱི་སེམས་ཁྲལ་བསལ་ཆེད། སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་1886.89བཏང་ནས་བྱ་གསོ་ར་བ་དང་བ་གསོ་ར་བ། སྔོ་ཚལ་དྲོད་ཁང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལས་ཞུགས་མཁོ་འདོན་དང་དབུལ་པོའི་ཐེམ་དུད་184དང་མི་གྲངས་712ཚང་མར་ལོ་མཇུག་ཏུ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་བཟང་བགོ་བཤའ་རྒྱག་གི་ཡོད་པ་རེད།

    597450_yis_1551172142646.jpg

    འདི་ནི་གསུམ་ལྡན་གྲོང་ཚོའི་བོད་བྱ་གསོ་ཚགས་རྟེན་གཞི་ཡིན་པ།

    597452_yis_1551172144004.jpg

    འདི་ནི་གསུམ་ལྡན་གྲོང་ཚོའི་གྲོང་མིས་དྲོད་ཁང་དུ་ཚལ་འཐུ་བཞིན་པ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།