[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2018ལོའི་ལོ་མཇུག་བར་བོད་དུ་དབུལ་པོ་ཐོན་ཚད་6%མན་བར་ཆག་པ།

    ཐོན་ལས་འདེམས་སྐབས་ཐག་ཉེ་ས་དང་སྟབས་བདེ་ས། ལས་ཀ་བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་ལ་བསམ་གཞིག་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-14

    ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགག་སྒྲོལ་དཀའ་སེལ་དང་དབུལ་སྒྲོལ་འགག་སྒྲོལ་ཐད་གྲུབ་འབྲས་ཆེན་པོ་ཐོབ་ནས་དབུལ་པོ་ཐོན་ཚད་2015ལོའི་ལོ་མཇུག་གི་25.2%ནས་2018ལོའི་ལོ་མཇུག་གི་6%མན་བར་ཆག་ཡོད།

    དབུལ་སྒྲོལ་ཐོན་ལས་ཆུང་ཡང་ཞིང་འབྲོག་པར་འབབ་འཕར་གཅིག་མཚུངས་བཏོད།

    “ང་ཚོ་ཕ་ཚ་བུ་རྒྱུད་ནས་ཕྱུགས་འཚོ་རྒྱུ་ཁོ་ན་ལས་ཁང་པའི་ནང་བལ་ལས་བྱས་ཏེ་ཡོང་འབབ་གསོག་སྟངས་སྟབས་བདེ་པོ་དེ་འདྲ་བསམ་བློར་ཡང་འཁོར་མྱོང་མེད”ཅེས་བོད་ལྗོངས་དགེ་རྒྱས་རྫོང་ཚྭ་ཁ་ཤང་ཚྭ་ལུག་གནའ་ལམ་མི་རིགས་ལག་ཤེས་འཁེལ་འཐག་བཟོ་གྲྭའི་ལོ་42ལ་སླེབས་པའི་འབྲོག་མོ་གཡུ་སྒྲོན་སྒྲོལ་མས་སེམས་འགུལ་ཚད་མེད་ཐེབས་པའི་སྒོ་ནས་བརྗོད།

    མཚོ་བོད་ས་མཐོའི་ལྟེ་བར་གནས་པའི་དགེ་རྒྱས་རྫོང་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད། རྩྭ་སར་བརྟེན་ནས་གནས་བཅའ་བ་དང་ནོར་ལུག་འཚོ་རྒྱུ་ནི་ས་གནས་འདི་གའི་འབྲོག་པའི་ཡོང་འབབ་ཡོང་ཁུངས་འབའ་ཞིག་དེ་རེད། ཉེ་བའི་ལོ་ཤས་རིང་རྩྭ་ཐང་གི་ཁ་གསབ་དངུལ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་འདོན། སློབ་གསོའི་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲོག་པའི་ཡོང་འབབ་ཡོང་ཁུངས་མང་དུ་སོང་ཡོད། འབྲོག་པ་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁོང་ཚོའི་ཡོང་འབབ་ཀྱི་གྲུབ་ཆར་རྦད་དེ་འགྱུར་ལྡོག་གཏོང་ཆེད། 2018ལོའི་ལོ་འགོར་དགེ་རྒྱས་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་མ་དངུལ་བཏང་སྟེ་ལག་ཤེས་མཉམ་ལས་ཁང་བཙུགས་ནས་ཁྱིམ་དུ་ལས་ཀ་མེད་པར་བསྡད་པའི་བུད་མེད་སྐུལ་སློང་གིས་བལ་བསྡུ་རུབ་བྱས་ནས་འབྲོག་ཁུལ་མང་ཚོགས་ཚོས་རྒྱུན་དུ་སྤྱོད་པའི་མགོ་རས་དང་། ཁ་གདན། སྐེ་རགས་སོགས་འཐག་གི་ཡོད། གཡུ་སྒྲོན་སྒྲོལ་མ་སོགས་ཁྱིམ་ཚང་དབུལ་པོ་ནས་ཡིན་པའི་བུད་མེད་6ལ་ལོ་དེ་རང་དུ་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད།

    ཚྭ་ལུག་གནའ་ལམ་མི་རིགས་ལག་ཤེས་འཁེལ་འཐག་བཟོ་གྲྭ་དང་ཐག་མི་རིང་བའི་སར་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོས་བོད་ཀྱི་བྱང་ཐང་ས་མཐོའི་ཚྭ་མཚེའུ་ཆེ་ཤོས་ཏེ་བཀྲ་ལྷུན་བྲག་ཁའི་ལེགས་ཆར་བརྟེན་ནས་གཉེར་བའི་ཚྭ་ལས་མཉམ་ལས་ཁང་དེ་ཡོད། ཚྭ་བཟོའི་འཁོར་ཁང་ནང་བཟོ་པ་ཁ་ཤས་ཤིག་གིས་ཚྭ་མཚེའུ་ནས་བླངས་མ་ཐག་པའི་ཚྭ་རྡོག་དབྱེ་འབྱེད་སྟབས་བདེ་བྱས་རྗེས་ཐུམ་སྒྲིལ་ཆེ་ཆུང་མི་འདྲ་བ་རྒྱག་གི་ཡོད།

    གྲངས་གཞི་ལས་མངོན་པར་གཞིགས་ན། 2016ལོའི་ཚུན་དུ་བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་འཆར་གཞིའི་ནང་བཅུག་པའི་རྣམ་གྲངས་4000ཙམ་ཡོད་ཅིང་། ཚྭ་ཁ་ཤང་གི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་དེ་གཉིས་ནི་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་ཐོན་ལས་ཁྲོད་ཀྱི་དཔེ་སྟོན་རང་བཞིན་ལྡན་པ་ཞིག་རེད།

    “ཐོན་ལས་དབུལ་སྐྱོར་ཁྲོད་ང་ཚོས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་རྒྱུར་སྣང་ཆེན་གྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ཞིང་ལས་འཚམ་སར་ཞིང་ལས་བྱེད་པ་དང་། འབྲོག་ལས་འཚམ་སར་འབྲོག་ལས་བྱེད་པ། ནགས་ལས་འཚམ་སར་ནགས་ལས་བྱེད་པ། ཚོང་ལས་འཚམ་སར་ཚོང་ལས་བྱེད་པ། ཡུལ་སྐོར་འཚམ་སར་ཡུལ་སྐོར་གཉེར་བ་བཅས་བྱས་ཏེ་མང་ཚོགས་དབུལ་པོ་རང་ས་རང་ཡུལ་ནས་མི་འབྲལ་བར་ཐོན་ལས་འཕེལ་རྒྱས་དང་འབབ་འཕར་ཕྱུག་འགྱུར་ནང་མཉམ་འདྲེས་ཐུབ་པ་བྱེད་ཀྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཙེང་ཡིའུ་ཀྲི་ཡིས་བརྗོད།

    དབུལ་སྐྱོར་ཐོན་ལས་ཀྱིས་ངེས་པར་དུ་ས་གནས་དེ་གའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མེད་དང་མང་ཚོགས་ཀྱི་ལས་ཞུགས་ལ་སྟབས་བདེ་སྐྲུན་ཐུབ་མིན་ལ་བསམ་གཞིག་བྱེད་དགོས།

    མངའ་རིས་ས་ཁུལ་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་ཞིང་། གནམ་གཤིས་སྐམ་ཤས་ཆེ་ལ་གྲང་ངར་ཆེ་བ་དང་། དགུན་ཡུན་རིང་ལ་ཆུ་རླངས་པར་འགྱུར་ཚད་ནི་ཆར་ཆུ་འབབ་ཚད་ཀྱི་ལྡབ་30ཡིན་པ་དེ་ནི“དཀའ་ཚེགས་ཆེ་བའི་ཁུལ”ཞིག་ལ་བརྩི་ཡི་ཡོད། ཡིན་ནའང་མངའ་རིས་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་གྱི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཤེལ་སྒྲོམ་དྲོད་ཁང་ཆེ་མོ་40ཡི་ནང་དུས་བཞིར་ཚལ་རིགས་དང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བཞིན་ཡོད། གནས་འདི་གར་ཁ་གཏད་རོགས་སྐྱོར་བྱེད་མཁན་་ཧྲའན་ཤིས་ཞིང་ཆེན་གྱི་འབྲེལ་ཡོད་ཕྱོགས་ཁག་གིས་ཞིང་ལས་ལག་རྩལ་ནང་འདྲེན་བྱས་ཏེ་2017ལོར་རྒྱ་ཁྱོན་མུའུ་370ཟིན་པའི་སྣོད་བཅུད་ཐོན་ལས་གླིང་ཞིག་བསྐྲུན་པ་རེད།

    “དྲོད་ཁང་ནང་འདེབས་འཛུགས་བྱེད་པའི་ལས་ཀ་དེ་ནི་ཤིན་ཏུ་ཡག་པོ་ཞིག་རེད། ང་ཚོས་འདི་གར་ལས་ཀ་བྱས་ཚེ་ཡོང་འབབ་གསོག་ཐུབ་པ་མ་ཟད་ལག་རྩལ་ཡང་ཤེས་ཀྱི་འདུག”ཅེས་དྲོད་ཁང་ནང་ས་སློག་རྒྱག་བཞིན་པའི་བསམ་གྲུབ་ཀྱིས་བརྗོད། ཁོང་ནི་2017ལོར་སྒར་རྫོང་མོན་འཚེར་ཤང་ནས“བདེ་སྐྱིད་གྲོང་གསར”དུ་གནས་སྤོས་པའི་འབྲོག་པ་དབུལ་པོ་ཞིག་རེད། ཁོང་གིས་འདེབས་འཛུགས་ལག་རྩལ་བྱང་ཆུབ་རྗེས་གླིང་ཁུལ་ནས་དྲོད་ཁང་ཆེ་མོ་འགན་གཙང་བླངས་ཏེ་ཀཱ་རིགས་དང་སྔོ་ཚལ་བཏབ་ནས་ཞིང་ཞོར་ཁྲོམ་རར་ཚོང་བར་འགྲོ་རྩིས་ཡོད་ཅེས་བརྗོད།

    སྒར་རྫོང་ནི་མངའ་རིས་ས་ཁུལ་གྱི་དབུལ་ཞྭ་ཕུད་པའི་རྫོང་ཐོག་མ་དེ་རེད། ས་གནས་དེའི་ཐོན་ལས་དབུལ་སྐྱོར་ཐད་ཀྱི་ཉམས་མྱོང་ནི་ཡུལ་བབ་དང་བསྟུན་རྒྱུར་མཐོང་ཆེན་དང་གཞི་ཁྱོན་ལ་མི་བལྟོས་པར་ཞིང་འབྲོག་པར་སྟབས་བདེ་བསྐྲུན་རྒྱུ་དང་དངོས་ཕན་ཐོབ་རེ་བྱེད་པ་དེ་ཡིན། མ་འཇོག་སྒོར་དུང་ཕྱུར་2.76བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་དང་། དགུན་སའི་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་ཁུལ། སྒར་རྫོང་ཡར་ས་ས་མཐོའི་སྒྲིག་བཀོད་ཞིང་འབྲོག་དཔེ་སྟོན་གླིང་བཅས་བསྐྲུན་ནས་ཞིང་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་རིགས་དབྱེ་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་18བཙུགས་ཏེ་མི་372ལས་ཞུགས་ཐུབ་རྒྱུ་དང་དུད་ཚང་836གི་ཞིང་འབྲོག་པ་3380མཉམ་ལས་གཉེར་སྐྱོང་ཁང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པས་ལོ་གཉིས་ནང་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་521བགོ་བཤའ་བརྒྱབ་པ་དང་། རྫོང་ཡོངས་ཀྱི་ཞིང་འབྲོག་པ་མི་རེར་ཆ་སྙོམས་འབབ་འཕར་སྒོར་1693བྱུང་ཡོད།

    “དབུལ་སྐྱོར་ཐོན་ལས‘ཆུང་བ་དང་། ཁ་ཐོར། རགས་ལས’བཅས་ནི་མིག་སྔར་བོད་ལ་དོན་དངོས་དང་ལུགས་མཐུན་རང་བཞིན་ཆེན་པོ་ལྡན་པ་ཞིག་རེད”ཅེས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ཧུའེ་མིན་གྱིས་བརྗོད་པ་དང་། ཁོང་གིས“ཐོན་ལས་འཕེལ་རྒྱས་གཏོང་བར་ལས་ནུས་དང་། མ་རྩ། འཁོར་ཁང་སོགས་ཐོན་སྐྱེད་ཀྱི་རྒྱུ་ཆ་དགོས་པ་མ་ཟད། ད་དུང་དེ་དང་འཚམ་པའི་འགྲོ་ལམ་འགྲིམ་འགྲུལ་དང་། དངུལ་རྩའི་ཟོག་འགྲེམས། འཛད་སྤྱོད་ཚོགས་སྤྱི་སོགས་ཀྱི་ཆ་རྐྱེན་ཡང་ལྡན་དགོས”ཞེས་བརྗོད།

    ཚན་རྩལ་དང་དྲ་ཐོག་ཚོང་ཁང་གི་ལས་སྟེགས་ལ་བརྟེན་པས་བོད་ཀྱི་དབུལ་སྐྱོར་ཐོན་ལས་ལ་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ།

    ད་ལྟའི་དཔལ་མགོན་རྫོང་དུ་ཀོང་ཏུང་གི་ངང་ལག་སོས་པ་ཉིན་7ཙམ་ལ་འབྱོར་གྱི་ཡོད། འཁྱག་མཛོད་ནང་བླུགས་ཏེ་ཉིན་1ནང་སྲིད་འཛིན་གྲོང་ཚོ་ཁག་གི་ཉོ་སྒྲུབ་མངགས་སྐྱེལ་ས་ཚིགས་སུ་སྐྱེལ་ཐུབ་ཀྱི་ཡོད་ཅེས་ཕུར་བུ་གྲོང་རྡལ་གྱི་སྔོ་ཚལ་གྲང་ཉར་ས་ཚིགས་ཀྱི་འགན་འཁུར་བས་བརྗོད།

    ཟོག་འགྲེམས་ཤར་གཏོང་ཐུབ་རྒྱུ་ནི་དབུལ་སྐྱོར་ཐོན་ལས་རྒྱུན་མཐུད་ཡོང་མིན་གྱི་འགག་རྩ་ཡིན་ཞིང་། འབྲོག་ཁུལ་མང་ཚོགས་ཀྱི“ཉོ་ཚོང་དཀའ་བའི”གནད་དོན་ཐག་གཅོད་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ན་ནིང་ནས་བཟུང་དཔལ་མགོན་རྫོང་དུ་རྫོང་ཁོངས་ཀྱི་ཚོང་དོན་ཟོག་འགྲེམས་སྡེབ་སྐྱེལ་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་སྤེལ་བ་དང་། དཔལ་མགོན་རྫོང་བལ་ལ་གྲོང་རྡལ་གྱི་ཀུན་རག་སྣ་འཛོམས་བཀྲ་ཤིས་ཡར་འཕེལ་ཆེད་ལས་མཉམ་ལས་ཁང་དང་། ཕུར་བུ་གྲོང་རྡལ་གྲོང་ཚོ་བརྒྱད་པའི་རྩམ་པ་མཉམ་ལས་ཁང་སོགས་ཞིང་པའི་མཉམ་ལས་ཁང་6ལས་གྲུབ་པའི་དཔལ་མགོན་རྫོང་གི་སྣང་སྐྱིད་ཚོང་དོན་ཚད་ཡོད་ཀུང་སིས་འབྲོག་ཁུལ་གྱི་དུད་ཚང་758(དུད་ཚང་321ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ)ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྨི་ངོས་གྲུ་120ཟིན་པའི་ཤ་རིགས་འཁྱག་མཛོད་དང་སྔོ་ཚལ་གྲང་ཉར་ས་ཚིགས་བསྐྲུན་པ་དང་། འཁྱག་ཉར་རླངས་འཁོར་3བཏང་སྟེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་10ཡི་སྲིད་འཛིན་གྲོང་ཚོ་86ལ་ཉོ་སྒྲུབ་མངགས་སྐྱེལ་ས་ཚིགས་བཀོད་སྒྲིག་བྱས་ནས་རྫོང་ཡོངས་ཀྱི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་དང་ཕྱི་ཕྱོགས་ཀྱི་ཤིང་ཏོག་དང་སྔོ་ཚལ་རིགས་སོགས་སྟབས་བདེའི་ངང་འཁོར་རྒྱུག་ཐུབ་པ་བྱ་རྩིས་ཡོད་པ་རེད།

    རི་བོ་ཧི་མ་ལ་ཡའི་ལྷོ་བྱང་གི་སྦྲེལ་མཚམས་སུ་གནས་པའི་གྲོ་མོ་རྫོང་ཕག་རི་གྲོང་རྡལ་དུ་ས་བབ་མཐོ་ཚད་སྨི་4300ཙམ་ཟིན་ཡོད། འོན་ཀྱང་ལོ་ལྟར་ཧིན་རྡུ་རྒྱ་མཚོའི་དྲོ་ཞིང་བཤེར་བའི་རླུང་རྒྱུན་གྱིས་དེ་གར་རྩྭ་ཆུ་འཛོམས་པ་དང་བོད་དུ་སྐད་གྲགས་ཡོད་པའི་ཕག་རིའི་འབྲི་གཡག་འཚོ་ཐུབ་ཀྱི་ཡོད། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་འབྲོག་པ་ཚོའི་ཁྲོམ་རའི་འདུ་ཤེས་ཧ་ཅང་ཞན་པས་ཕག་རིའི་འབྲི་གཡག་བཤས་གཏོང་ཚད་ཧ་ཅང་ཉུང་ཉུང་ཡིན་པ་དང་འབྲོག་པ་མང་ཆེ་བས་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་བསྲུངས་ནས་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་གྱི་ཡོད། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་སྡེ་ཚན་གྱི་གཙོ་ཁྲིད་འོག་དེ་གར་བོད་ལྗོངས་ཕག་རིའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་། ཚན་རྩལ་ལ་བརྟེན་ནས་གཞི་ཁྱོན་ལྡན་པའི་གསོ་ཚགས་བྱས་ཏེ་གྲོང་རྡལ་གྱི་ཞིང་འབྲོག་དུད་ཚང་615ཡིས་འབྲི་གཡག་མ་རྐང་ནང་ཞུགས་སྟབས་འབྲོག་པ་མང་པོ་ཞིག་དུས་གཅིག་ལ་དབུལ་སྒྲོལ་ཐུབ་ཡོད། ས་གནས་དེ་གའི་འབྲོག་པ་ཉི་མ་ཚེ་རིང་གིས་གསར་འགོད་པར་ངའི་ཁྱིམ་ལ་འབྲི་གཡག་མགོ་གྲངས་200ལྷག་ཙམ་ཡོད་པ་ཚང་མ་མ་རྐང་ནང་ཞུགས་རྗེས་ན་ནིང་ཀུང་སི་ནས་ཁེ་སྤོགས་སྒོར་ཁྲི་30ཙམ་བགོ་བཤའ་བརྒྱབ་བྱུང་ཞེས་བཤད།

    སྤུས་ཚད་དང་གྲངས་ཚད་ཕན་ཚུན་འཚམ་པའི་ཐོན་ཁུངས་ཡོད་སྟབས་ཐོན་ལས་གསར་སྤེལ་ལ་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད། འགྲིམ་འགྲུལ་དང་ཟོག་འགྲེམས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས“ཆུང་བ་དང་། ཁ་ཐོར། རགས་ལས”བཅས་ཀྱི་དབུལ་སྐྱོར་ཐོན་ལས་ཁག་གཅིག་གིས་ཚན་རྩལ་དང་དྲ་ཐོག་ཚོང་ཁང་གི་ལས་སྟེགས་ལ་བརྟེན་པས་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།