[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “སྒྲོག་འགྲེལ་བྱ་རྒྱུ་ནི་ངའི་མི་ཚེ་གཅིག་གི་བྱ་གཞག་ཡིན”

    —— ཡར་ལངས་ཞིང་བྲན་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་གྲོང་ཚོ་གཉིས་པའི་གྲོང་མི་དར་བཟང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-23

    མི་སྣའི་རྒྱབ་ལྗོངས།

    དར་བཟང་། ཕོ། 1946ལོར་སྐྱེས། ད་ལོ་ལོ་73ལ་སླེབས་པ་དང་། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་གྲོང་ཚོ་གཉིས་པའི་གྲོང་མི་ཡིན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་དར་བཟང་གི་ཕ་ཞིང་བྲན་བདག་པོའི་ཁྱིམ་གྱི་ཁྲལ་པ་ཡིན་པ་དང་། དར་བཟང་དང་མ་ཡིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱི་སྒོ་ནས་ཕྱུགས་འཚོ་བ་དང་ཞིང་ཁ་འདེབས་པ་སོགས་སྡུག་ལས་བྱས་པ་བརྒྱུད་ཞིང་བྲན་བདག་པོར་ཁྲལ་ལྕི་པོ་འཇལ་དགོས་པས། ལྟོ་གྲོད་པ་རྒྱགས་པ་ཐེངས་གཅིག་བཟའ་རྒྱུ་ཡོང་བ་བྱ་རྒྱུ་ནི་དར་བཟང་གི་རེ་འདོད་ཆེ་ཤོས་དེ་ཡིན་པ་རེད། 

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དར་བཟང་གི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་། ནང་མི་རྣམས་རྒྱ་ཁྱོན་སྨི་ངོས་གྲུ་200ཙམ་གྱི་ཁང་པ་ཉིས་ཐོག་ནང་སྡོད་རྒྱུ་བྱུང་། 1990ལོར་དར་བཟང་ཏང་ནང་ཞུགས་པ་དང་། ལོ་མང་རིང་ཁོང་གིས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་ལ་གཞོལ་བར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། 

    624670_yis_1558496149810_s.jpg

    འདི་ནི་དར་བཟང་བཟའ་ཚོ་གཉིས་ཀྱི་མཉམ་པར་ཡིན་པ། 

    ཟླ་བཞི་པའི་སྦྲ་ཆེན་དུ་གནམ་གཤིས་སྔར་བཞིན་གྲང་ངར་ཆེ་བ་དང་། ཁུ་སིམ་པའི་མཚན་མོར་ཁ་བའི་ཟེགས་མས་རི་ཀླུང་ཀུན་ལ་དཀར་གཙང་ན་བཟའ་བཀླུབས། རྒྱལ་ལམ་317བརྒྱུད་ནས་ཤར་ངོས་སུ་སྐྱོད་ཚེ། སྔོ་ཞིང་དྭངས་བའི་ནམ་མཁའ་དང་། ཞོ་གསར་སྤུངས་འདྲའི་ཆུ་འཛིན། རྩེ་མོ་དགུང་ལ་ཟུག་འདྲའི་གངས་རི། འབྲོག་ཁྱིམ་ནས་འཕྱུར་བའི་སྔོ་ལྷོག་ལྷོག་གི་དུ་བ། ནོར་ལུག་གི་ཁྱུ་ཚོགས་སོགས་སུམ་རྩེན་གནས་སུ་སླེབས་པ་དང་འདྲ་བར་སྐྱེ་བོའི་ཡིད་སེམས་ལ་བག་ཡངས་ཀྱི་སྣང་བ་ཞིག་ངང་གིས་སྦྱིན།“ཡ་ང་གྲོང་རྡལ”ཞེས་འཁོད་པའི་ལམ་སྟོན་བྱང་བུ་མིག་ལམ་དུ་འཆར་ཞིང་། ཀྱག་ཀྱོག་གི་ལམ་ཆུང་ཞིག་བརྒྱུད་མཐར་གསར་འགོད་པ་དར་བཟང་གི་ཁྱིམ་དུ་འབྱོར། 

    སྨྲ་བ་ཉུང་བའི་རྒད་པོ་དར་བཟང་གིས་ང་ཚོ་ཁྱིམ་དུ་ཁྲིད་བྱུང་། ཚོམས་ཆེན་དུ་འབྱོར་སྐབས་ཁང་པར་མཛེས་བཟོ་རྫིག་པོ་བྱས་འདུག

    “སྐབས་དེ་དུས་ཀྱི་ཞིང་བྲན་བདག་པོའི་ཁང་པ་ད་ལྟའི་ཁང་པ་འདིའི་ཕྱེད་ཀ་ཙམ་ཡང་མེད”ཅེས་ཇ་བསྲུབས་མ་འཐུང་ཞོར་མེ་བསྲོ་བཞིན་རྒད་པོ་དར་བཟང་གིས་ང་ཚོ་འདས་དོན་གྱི་ཀློང་དུ་ཕྱིར་དྲན་བྱེད་དུ་ཁྲིད། 

    “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ང་དང་ཕ་མ་གཉིས་རྒྱ་ཁྱོན་ལ་སྨི་ངོས་གྲུ་5ཡང་མེད་པའི་སྦྲ་གུར་དུ་འཚོ་བ་སྐྱེལ་གྱི་ཡོད། ཕ་རྒན་གྱིས་དཔྱིད་ཀ་གྲོ་མ་སྔོག་པ་དང་། སྟོན་ཁ་རྩྭ་རྔ་བའམ་ལྷས་ར་ཉམས་བཟོ་བྱེད་པ། ཞིང་བྲན་བདག་པོར་ཞབས་ཕྱི་ཞུ་བ་སོགས་བྱེད་ཀྱི་ཡོད”ཕ་རྒན་གྱིས་ཁོམ་པ་ཡོད་ཚད་ཞིང་བྲན་བདག་པོར་ཞབས་ཕྱི་ཞུས་ཀྱང་དར་བཟང་ནང་མི་གསུམ་པོ་སྔར་བཞིན་འཁྱག་ལྟོགས་ཀྱིས་མནར་གྱི་ཡོད། ལོ་མཇུག་ཏུ་སླེབས་སྐབས་མི་མགོའི་ཁྲལ་དང་། ཕྱུགས་ཁྲལ། བལ་ཁྲལ། པགས་ཁྲལ་སོགས་འཇལ་དགོས་པས། ཕ་རྒན་གྱིས་སྡུག་ལས་ཇི་ཙམ་བྱས་ཀྱང་ཁྲལ་འུལ་དེ་དག་འཇལ་ཐུབ་ཙམ་ལས་མེད། སྐབས་དེ་དུས་ལོ་ན་ཆུང་བའི་དར་བཟང་གིས་ཉིན་གཅིག“རང་ཉིད་རང་གི་བདག་པོར་གྱུར་ན་བསམ་པའི”རེ་འདོད་ཆེན་པོ་བྱེད་ཀྱི་ཡོད། 

    1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་ནས་གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་ཕེབས་པ་ལས་དར་བཟང་གི་ཕུགས་འདུན་མངོན་འགྱུར་བྱུང་། 

    “ད་ནས་བཟུང་ཁྲལ་འུལ་ལྕི་པོ་རྒྱུག་དགོས་མེད་ལ། ལྟོ་གོས་ལ་ཡང་སེམས་ཁྲལ་བྱེད་དགོས་མེད”ཅེས་དར་བཟང་གིས་རང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་མཚམས་དེར་བསམ་བློ་གཏོང་རིམ་བཞིན་བློ་རྩ་བརྟན་པའི་ངོ་གདོང་ལས་འཛུམ་མདངས་འཕྱུར། “ད་ནས་བཟུང་ཞིང་བྲན་བདག་པོ་ཚོས་ཤ་བཟའ་ཁྲག་འཐུང་བྱེད་པ་དང་རང་ཉིད་སྔོ་ཚོད་ཀྱང་བཟའ་རྒྱུ་མེད་པའི་འཚོ་བ་སྐྱེལ་དགོས་མེད”

    བཅིངས་འགྲོལ་དམག་གིས་རང་སྲོག་བློས་གཏོང་གིས་དགྲ་ཡའི་ཕྱོགས་གཏོགས་དང་དམག་འཐབ་བྱས་ནས། བོད་མི་དམངས་ལ་བཅིངས་འགྲོལ་བཏང་བ་དེ་དར་བཟང་གིས་མཐོང་མྱོང་ཡོད་པས་བརྗེད་ཐབས་ག་ལ་ཡོད། 

    དམངས་གཙོའི་བཅོས་སྒྱུར་བྱས་མ་ཐག་པའི་སྐབས་སུ་བོད་དུ་ད་དུང་ངོ་ལོག་པའི་སྟོབས་ཤུགས་ལྷག་མ་ཁག་གཅིག་ཡོད་པ་དེ་དག་གིས་མཚོ་སྔོན་ནས་འཕྲོག་བཅོམ་བྱེད་ཀྱིན་བོད་དུ་ཡོང་བའི་ལམ་བར་དུ་མང་ཚོགས་ཀྱི་ནོར་ལུག་མང་པོ་འཕྲོག་བཅོམ་བྱས། “བཅིངས་འགྲོལ་དམག་གིས་མདུན་དུ་བསྐྱོད་ནས་འཕྲོག་བཅོམ་བྱས་པའི་དངོས་ཟོག་ཚང་མ་ཚུར་བསྡུས་ཏེ་བདག་པོར་རྩིས་སྤྲད” སྐབས་དེ་དུས་ན་ཚོད་གཞོན་པའི་བཅིངས་འགྲོལ་དམག་གི་འཐབ་འཛིང་བ་ཚོས་རང་ཡུལ་དང་ཁ་བྲལ་ནས་འགྲུལ་བཞུད་ལམ་ཐག་རིང་པོ་བརྒྱབ་སྟེ། བོད་ཀྱི་བྱ་གཞག་ལ་རང་ཉིད་ཀྱི་ཚེ་སྲོག་སྐྱེས་སུ་ཕུལ་བ་དར་བཟང་གིས་ནམ་ཡང་བརྗེད་ཐབས་བྲལ།

    “རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིའི་སྣེ་ཁྲིད་འོག གུང་ཁྲན་ཏང་ཡོན་གྲངས་མེད་ཀྱིས་རང་གི་ཁྲག་དྲོན་དང་རྔུལ་ཆུར་བརྟེན་ནས་ང་ཚོའི་བདེ་སྐྱིད་འཚོ་བ་བཏོད་ཡོད”ཅེས་དར་བཟང་ལ་གུང་ཁྲན་ཏང་ཡག་པོ་ཡོད་པའི་མྱོང་ཚོར་ཆེན་པོ་བྱུང་ནས། ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་ནི་རང་གི་མི་ཚེའི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྒྲོག་འགྲེལ་ལས་དོན་ཡང་རང་གི་མི་ཚེ་གཅིག་གི་བྱ་གཞག་ལ་བརྩིས། 

    1962ལོར་ཡང་ངར་ཚོགས་ཆུང་9བཙུགས་པ་ལས་དར་བཟང་དེ་ཁྲོད་ཀྱི་ཚོགས་ཆུང་གཅིག་གི་ཙུའུ་ཀྲང་རེད། 1963ལོར་ཡ་ང་དང་ཡ་ང་ཆུས་ཟླ་སྒྲིལ་བཏང་ནས་འོག་ཏུ་ཤང་4བཙུགས་པ་དང་དར་བཟང་གིས་ཤང་གཅིག་གི་ཤང་ཀྲང་བྱས། 1988ལོར་ཡ་ང་ཆུས་ཡ་ང་གྲོང་རྡལ་དུ་བསྒྱུར་བ་དང་དར་བཟང་ཡ་ང་གྲོང་རྡལ་གྱི་ཀྲེན་ཀྲང་བྱས། 

    ད་ཆ་ལས་འཁྱུར་བྱས་ནས་ཁྱིམ་དུ་ངལ་གསོ་བཞིན་བསྡད་ཡོད་མོད། འོན་ཀྱང་གྲོང་ཚོར་ཚོགས་འདུ་འཚོག་རིམ་བཞིན་དར་བཟང་ཨང་དང་པོར་སླེབས་ཀྱི་ཡོད། ཁོང་གིས་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་ཁག་སྒྲོག་འགྲེལ་ཧུར་ཐག་བྱེད་པ་དང་། སྒྲོག་འགྲེལ་བྱེད་རིམ་བཞིན་བོད་རྙིང་པའི་སྡུག་བསྔལ་དང་བོད་གསར་པའི་བདེ་སྐྱིད་འགྲེལ་བཤད་བརྒྱབ་ནས། མི་རྣམས་ལ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་ལུགས་བརྗོད་ཀྱི་ཡོད་པ་རེད། 

    རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དང་། ལྷག་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གླེང་སྐབས། དར་བཟང་གིས། ཏང་དང་སྲིད་གཞུང་གིས་གང་ས་ཅི་ཐད་ལ་ཐུགས་ཁུར་གནང་གི་ཡོད། “དབུལ་སྐྱོར་དང་། འགན་བཅོལ། དམངས་འཚོ་སོགས་ཁྱབ་ཁོངས་ཚང་མ་ནས་མི་སེར་ཚོར་ཕན་པ་མང་པོ་གནང་ཡོད། ལྷག་པར་དུ་སྨན་བཅོས་ཀྱི‘ཐོགས་མེད་བགྲོད་ལམ’གྱིས‘ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི’དུས་ཡུན་རིང་པོའི་དབུལ་ཕོངས་ཀྱི་འབྱུང་རྩ་འདི་བསལ་ཡོད”ཅེས་བརྗོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་མི་རྣམས་ཀྱིས་འཚོ་བ་ཡག་པོ་སྐྱེལ་གྱི་ཡོད། ཡིན་ན་ཡང་དར་བཟང་ལ་ཡང་སེམས་ཁྲལ་ཞིག་ཡོད་པ་སྟེ། ཚང་མས་རྒྱལ་ཁབ་གཅིག་པུར་རྟེན་པའམ་ཡང་ན་རྒྱལ་ཁབ་ཀྱི་རོགས་སྐྱོར་བསྒུགས་ནས་སྡོད་པ་དེ་རེད། དེར་བརྟེན་སྒྲོག་འགྲེལ་བྱེད་རིམ་བཞིན་ཁོང་གིས་ཚང་མར་རང་གི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད། 

    “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ནི་ང་ཚོས་དབུལ་སྒྲོལ་བྱེད་པའི་ལས་སྟེགས་ཡག་པོ་ཞིག་ཡིན་པས། ང་ཚོས་རང་ཉིད་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་གཞན་འགུལ་རང་འགུལ་དུ་བསྒྱུར་ནས་དབུལ་སྒྲོལ་ཕྱུག་འགྱུར་ལམ་ཞིག་འཚོལ་དགོས”དར་བཟང་གིས་ཏང་གི་ལམ་ཕྱོགས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་མི་ཚེ་གཅིག་རིང་སྒྲོག་འགྲེལ་བྱ་གཞག་དོན་གཉེར་བྱེད་བཞིན་མཆིས། 

    624672_yis_1558496150169_s.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།