[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལོ་རྒྱུས་ཀྱི་འགོ་གསར་པ་འདི་ནས་བརྩམས།

    ——“བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོར”བཅར་འདྲིར་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    625484_yis_1558670909029_s.jpg

    འདི་ནི་སྐམ་ཐོག་གྲོང་ཚོ་ཡིན་པ།

    ཟླ་5ཚེས་23ཉིན་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་68ཏག་ཏག་འཁོར། ཉིན་དེར། གསར་འགོད་པ་ཆེད་མངགས“བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོར”བཅར་འདྲི་བྱེད་པར་བསྐྱོད་པ་ཡིན། འཇོ་མདའ་རྫོང་གྲོང་ནས་ཐོན་ཏེ་རྒྱལ་ལམ་317བརྒྱུད་ཤར་དུ་བསྐྱོད་པ་ཡིན། 2018ལོའི་ཟླ་10ཚེས་1ཉིན་ཤར་གཏོང་བྱས་པའི་སྔས་ལ་རི་བོའི་ཕུག་ལམ་འཛུལ་ཏེ་སྐམ་ཐོག་གྲོང་རྡལ་བརྒྱུད་འབྲི་ཆུའི་འགྲམ་ངོགས་སུ་འབྱོར། 

    འབྲི་ཆུའི་ཟེགས་མས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས།

    ད་ལོ་ལོ་82ལ་སླེབས་པའི་ཚེ་དབང་ཕུན་ཚོགས་ལ་ད་དུང་ཡང་སྐབས་དེ་དུས་ཀྱི་གནས་ཚུལ་གསལ་པོར་ཤོད་རྒྱུ་ཡོད་པ་སྟེ། 1950ལོའི་ཟླ་10ཚེས་6ཉིན་གྱི་ཐོ་རེངས་སུ་འབྲི་ཆུ་བརྒལ་བའི་དམག་འཐབ་རྒྱག་འགོ་ཚུགས། མེ་སྒྱོགས་ཀྱི་སྒྲ་གྲགས་མ་ཐག་གྲོང་ཚོའི་ནང་གི་མི་གཅིག་ཀྱང་ཕྱིར་ཐོན་མི་ཕོད་པར་དགའ་སྤྲོ་དང་སྐྲག་སྣང་འདྲེས་མར་ལྷས་རར་གབ་ནས་བསྡད། ད་ལོ་ལོ་82ལ་སླེབས་པའི་འཇམ་དབྱངས་ཚེ་རིང་གིས་ཚང་མ་དགའ་སྤྲོ་སྐྱེ་དགོས་པའི་རྒྱུ་མཚན་ནི་གྲོང་མི་རྣམས་ལ་བརྙས་བཅོས་གཏོང་མཁན་གྱི་བོད་དམག་རྣམས་བྲོས་པས་རེད། སྐྲག་དགོས་དོན་ནི་དམག་འཐབ་ཧ་ཅང་ཛ་དྲག་ཆེ་བས་མདེལ་འཁྱར་གྱིས་རྒྱག་ཉེས་ཕོག་ཉེས་ཐེབས་པའི་སྐྲག་སྣང་སྐྱེས་བྱུང་ཞེས་ཟེར། དམག་སྡེ་བཅོ་བརྒྱད་པ་བདེ་བླག་ངང་འབྲི་ཆུ་བརྒལ་རྗེས་སྐམ་ཐོག་གྲོང་རྡལ་དུ་སྒར་བཙུགས། དེ་དུས་ལོ་13ཡིན་པའི་འཇམ་དབྱངས་ཚེ་རིང་གིས་རང་ཁྱིམ་ནས་ཇ་བསྲུབས་མ་དང་ཆུ་ཁོལ་འཁྱེར་ཏེ་བཅིངས་འགྲོལ་དམག་མིར་བསྐྱལ། ཚེ་དབང་ཕུན་ཚོགས་ཀྱིས། དམག་སྡེ་བཅོ་བརྒྱད་པ་འབྲི་ཆུ་བརྒལ་རྗེས་གྲོང་མི་རྣམས་ཀྱིས་རང་འགུལ་ངང་གྲོང་ཚོའི་ཀོ་གྲུ་9མཁོ་འདོན་བྱས་ཏེ་ཉིན་མཚན་དབྱེར་མེད་ཀྱིས་བཅིངས་འགྲོལ་དམག་གི་རྗེས་མཐུད་དཔུང་སྡེ་དང་དངོས་ཟོག་གཙང་པོ་སྒྲོལ་རོགས་བྱས། ཁོང་དང་འཇམ་དབྱངས་ཚེ་རིང་སོགས་མི་མང་པོ་ཞིག་གིས་རང་ནུས་ལྕོགས་ཚོད་ཀྱིས་ཅ་ལག་དབོར་རོགས་བྱས་པ་ཡིན་ཞེས་བརྗོད། 

    གྲོང་མི་རྣམས་ཀྱིས་དུས་ནམ་ཡང་བརྗེད་པར་དཀའ་བ་ཞིག་ནི་དམག་སྡེ་བཅོ་བརྒྱད་པ་འབྲི་ཆུ་བརྒལ་རྗེས་མང་ཚོགས་ལ་སེམས་གསོ་བཏང་བ་མ་ཟད། ད་དུང་ཟ་འབྲུ་ཡང་བགོས་པ་རེད། ཚེ་དབང་ཕུན་ཚོགས་ཀྱིས་འཛུམ་དམུལ་དམུལ་ངང“འབྲས་ག་ཚོད་བགོས་མིན་ད་ལྟ་དྲན་གྱི་མི་འདུག་ཀྱང་འབྲས་རག་རྗེས་ཚང་མ་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་བ་ནམ་ཡང་བརྗེད་མི་སྲིད”ཅེས་བརྗོད། 

    1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་བྱུང་ཞིང་། “དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ང་ཚོར་ས་ཞིང་བགོ་བཤའ་ཐོབ་པ་དང་། རང་སྟོབས་རང་སྤེལ་བྱེད་པའི་གོ་སྐབས་ཐོབ་བྱུང་། ད་ནས་བཟུང་བཤུ་གཞོག་དང་གཉའ་གནོན་མྱོང་དགོས་མེད། ད་ཆ་སྐམ་ཐོག་གྲོང་ཚོའི་གྲོང་མི་རྣམས་ཕྱུག་འགྱུར་ལམ་དུ་བསྐྱོད་དེ། གློག་ཡོད་ལ་ལམ་ཡང་ཤར་གཏོང་ཐུབ་ནས་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་མ་ཟད། དུད་ཚང་ཚང་མར་རང་འབབ་ཆུ་ཀ་ལ་ཁྲིད་པ་ནས་བཟུང་གཙང་པོ་ནས་ཆུ་ལེན་པར་འགྲོ་དགོས་མེད”ཅེས་ཤོད་བཞིན་འཇམ་དབྱངས་ཚེ་རིང་གི་ངོ་གདོང་ནས་འཛུམས་མདངས་འཕྱུར། 

    གསར་བརྗེའི་ཡུལ་སྐོར་ལ་བརྟེན་ནས་དངུལ་ཁུག་ལྗིད་དུ་ཕྱིན་པ། 

    ཉེ་བའི་ལོ་ཤས་རིང་འཇོ་མདའ་རྫོང་གིས་གསར་བརྗེའི་རིག་གནས་རྒྱབ་ལྗོངས་ལ་བརྟེན་ནས་འབྲི་ཆུའི་དམག་སྡེ་བཅོ་བརྒྱད་པའི་གྲུ་ཁ་སོགས་ཀྱིས་མཚོན་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པ་དང་། ས་གནས་དེ་གའི་དམངས་སྲོལ་ལ་བརྟེན་ནས་སྐམ་ཐོག་གྲོང་ཚོར་ཆབ་མདོའི“རྒྱལ་གཅེས་དང་། དམངས་སྲོལ། རིག་གནས། སྣོད་བཅུད”བཅས་གཞི་གཅིག་ཏུ་འདུས་པའི་སྣ་མང་ཅན་གྱི་དམངས་སྲོལ་གྲོང་ཚོ་དང་པོ་བསྐྲུན་ཐོག གྲོང་མི་མི་ཉུང་བ་ཞིག་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པའི་ལས་ལ་གཞོལ། 

    ལོ་70ལ་སོན་པའི་ཉི་མ་ཚེ་རིང་ནི་སྐམ་ཐོག་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གཉེར་ནས་འབབ་འཕར་བྱུང་མཁན་དང་པོའི་གྲས་སུ་གྱུར་ཅིང་། ད་ཆ་ཁོང་གི་ཁྱིམ་ཚང་མགྲོན་ཁང་ཆུང་ངུར་ཁང་མིག་4དང་ཉལ་ཁྲི་12ཡོད་པ་དང་། 2018ལོར་ཡུལ་སྐོར་བ་མི་100ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། 

    གྲོང་ཚོའི་ནང་ཡུལ་སྐོར་གྱི་མདུན་ལམ་ཧ་ཅང་ཡག་པོ་ཡོད་པ་མཐོང་མཁན་མང་ཚོགས་ཡང་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་ཞུགས། གྲོང་མི་བཀྲ་ཤིས་ཆོས་འཕེལ་དང་། དཔལ་ལྡན། ངག་དབང་ཚེ་རིང་། ཕུར་བུ། དཀོན་མཆོག་སོགས་ཀྱིས་རྫོང་ལ་སྙན་ཞུ་ཕུལ་ནས་ཁྱིམ་ཚང་མགྲོན་ཁང་འཛུགས་རྒྱུའི་དུས་འགོའི་གྲ་སྒྲིག་བྱས་ཟིན། 

    ཕྱར་བ་གྲུ་འདེགས་ཀྱིས་འབྱོར་འབྲིང་ལམ་དུ་བསྐྱོད་པ། 

    རྒྱལ་ལམ་317འགྲམ་དུ་གནས་པའི་སྟབས་བདེ་བའི་འགྲིམ་འགྲུལ་ཆ་རྐྱེན་ལས་སྐམ་ཐོག་གྲོང་ཚོའི་མི་རྣམས་སྐྱེལ་འདྲེན་ལས་ལ་བྲེལ་རྒྱུར་ཧ་ཅང་མོས། ལོ་51ལ་སོན་པའི་བཀྲ་རྒྱལ་གྱིས་དོས་སྐྱེལ་རླངས་འཁོར་བཏང་ནས་ལོ་མང་འདས་མོད། འོན་ཀྱང་ལོ་དེ་དག་རིང་མི་གཞན་གྱི་གླ་པ་ཁོ་ན་རྒྱུག་ནས་བསྡད། 2017ལོར་སྐམ་ཐོག་ནས་དབོན་པོ་སྟོད་ཤང་བར་གྱི་གཞུང་ལམ་སྐྲུན་རྩིས་ཡོད་པ་རྟོགས་རྗེས་བཀྲ་རྒྱལ་གྱིས་དངུལ་བུན་གཡར་ནས་རླངས་འཁོར་ཞིག་ཉོས། ད་ཆ་བཀྲ་རྒྱལ་གྱིས་ལས་ཡུལ་དུ་སྐྱེལ་འདྲེན་བྱས་ནས་ལོ་གཅིག་ལྷག་ཙམ་འགྲོ་གི་ཡོད་པ་དང་། ཁེ་གཙང་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད། 

    སྐམ་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོར་གྲོང་ཚོ་ཡོངས་སུ་དོས་སྐྱེལ་རླངས་འཁོར་22དང་འགྲུལ་སྐྱེལ་རླངས་འཁོར་15ཡོད་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་རྒྱུ་དེ་སྐམ་ཐོག་གྲོང་ཚོའི་མི་རྣམས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོའི་གྲས་སུ་གྱུར། 

    ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ལས་རིགས་དང་སྐྱེལ་འདྲེན་ཐོན་ལས་ལ་བརྟེན་ནས་གྲོང་མི་ཚོའི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་ཡོད། 2018ལོར་སྐམ་ཐོག་གྲོང་ཚོའི་དབུལ་ཞྭ་བདེ་བླག་ངང་འཕུད་ནས་དབུལ་པོ་དབུལ་རྐྱང་གི་གནས་ལས་སྒྲོལ། 

    གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་དུས་སྐམ་ཐོག་གྲོང་ཚོར་འདེམས་གཏོང་བྱས་པའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡུང་ཧུང་གིས། “2018ལོར་ང་ཚོའི་གྲོང་ཚོ‘རྒྱལ་ཡོངས་སྣོད་བཅུད་རིག་གནས་གྲོང་ཚོ’དང་ཆབ་མདོ་གྲོང་ཁྱེར་གྱི‘ཤེས་དཔལ་གྲོང་ཚོར’བདམས་པ་དང་། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཅིག་ལྷག་ཟིན་ནས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་ཡོད”ཅེས་དགའ་སྤྲོའི་ངང་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།