[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞན་ཕན་ལས་དོན་སྒྲུབ་ཐུབ་ན། ང་ཡི་འཚོ་བར་དོན་སྙིང་ལྡན།

    —— ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གད་སྐྱ་ཁ་གྲོང་ཚོའི་ཡར་ལངས་ཞིང་བྲན་འཇིགས་བྲལ་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    639457_yis_1562386192704_s.jpg

    འདི་ནི་རྒད་པོ་འཇིཌ་བྲལ་གྱི་གཉེན་ཉེའི་ཕྲུ་གུས་ཁོང་ལ་རིག་ནུས་ཁ་པར་སྤྱོད་སྟངས་སློབ་བཞིན་པ།

    མི་སྣའི་རྒྱབ་ལྗོངས།

    འཇིགས་བྲལ། ཕོ། 1950ལོའི་ཟླ་དང་པོར་སྐྱེས། འདི་ལོར་ལོ་69ཡིན་ཞིང་། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གད་སྐྱ་ཁ་གྲོང་ཚོ་ནས་ཡིན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། འཇིགས་བྲལ་གྱི་ཁྱིམ་ལ་གཅེན་གཅུང་9དང་ཁྱོན་ནང་མི་11ཡོད་པ་ཚང་མ་སྦྲ་ཆེན་རྫོང་འབྲུག་ཞོལ་ཚོ་བའི“ཁྲལ་པ”ཡིན་པས། ལོ་ཁོར་མོ་ཡུག་ཏུ་བཀའ་ཤག་སྲིད་གཞུང་གིས་མངགས་པའི་བོད་དམག་དང་ཁྲལ་དཔོན་གྱི་བཤུ་གཞོག་མྱོང་དགོས་ཀྱི་ཡོད། དེར་བརྟེན་ལྟོས་གྲོད་པ་མི་རྒྱགས་ལ་གོས་ཀྱིས་ལུས་མི་དྲོས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། འཇིགས་བྲལ་གྱི་ཁྱིམ་ལ་རྟ་གཅིག་དང་ནོར་བཅུ་ལྷག་བགོ་བཤའ་ཐོབ་པས་འཚོ་བ་ལེགས་སུ་ཕྱིན་ཞིང་། ད་ཆ། འཇིགས་བྲལ་དང་ཁོང་གི་བུ་གཉིས་ཡངས་ཤིང་དཀར་ཆ་དོད་པའི་བོད་བཟོའི་ཁང་པའི་ནང་སྡོད་ཐུབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

    ཉིན་ཤས་གོང་། གསར་འགོད་པ་དང་བཅས་པ་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ནོར་བུ་རི་སྡེ་གྲོང་ལྷན་དུ་ཡོད་པའི་འཇིགས་བྲལ་གྱི་ཁྱིམ་དུ་བསྐྱོད་པ་ཡིན།

    ཡངས་ཤིང་རྒྱ་ཆེ་བའི་བོད་བཟོའི་སྒོ་རའི་ནང་དུ། འཇིགས་བྲལ་གྱིས་ཇ་བསྲུབས་མ་འཐུང་ཞོར་དུ་ཁོང་གི་གཏམ་རྒྱུད་བརྗོད་པ་སྟེ། “ལོ་60ཡི་གོང་དུ། མར་དྲི་ཅུང་ཙམ་འཐུལ་བའི་ཇ་བསྲུབས་མ་ཕོར་བ་གང་འཐུང་ཐུབ་པ་ནི་ཇི་འདྲའི་སྤྲོ་སྣང་ལྡན་པའི་དོན་དག་ཅིག་རེད་ཨང་། ཆུང་དུས། ངས་མི་གཞན་གྱིས་གཡུགས་པའི་ཇ་རོ་སྒྲུག་ནས་ཇ་བཟོས་ཡི་ཡོད”ཅེས་བརྗོད་ཀྱི་འདུག

    འཇིགས་བྲལ་གྱི་བག་ཆགས་ནང་དུ། ཆུང་བྱིས་པའི་དུས་སུ་ཁོང་ཁྱིམ་གྱི་སྦྲ་གུར་རལ་པ་དེའི་ནང་རྟག་པར་བོད་དམག་ཡོང་གི་ཡོད་པ་རེད།

    “ཁོང་ཚོ་ནི་བཀའ་ཤག་སྲིད་གཞུང་གིས་སྦྲ་ཆེན་དུ་མངགས་པའི་བཅའ་སྡོད་དམག་མི་ཡིན་ལ། གྲོང་ཚོར་ཡོང་ཐེངས་རེར་དུད་ཚང་ཚང་མར་འཕྲོག་བཅོམ་བྱེད་ཀྱི་འདུག” ཁྱིམ་དུ་རྩམ་པ་དང་གྲོ་མ་སོགས་ཁ་ཟས་ཏོག་ཙམ་ཡོད་པ་ཡང་ཚང་མ་འཕྲོག་འགྲོ་གི་འདུག་ཅེས་འཇིགས་བྲལ་གྱིས་བརྗོད་པ་རེད།

    བོད་དམག་གིས་འཕྲོག་བཅོམ་བྱེད་པ་ཕུད། འཇིགས་བྲལ་ཁྱིམ་གྱིས་ད་དུང་དཔྱ་ཁྲལ་ལྕི་པོ་ཡང་འཁུར་དགོས། འཇིགས་བྲལ་གྱིས་གལ་སྲིད་སུ་ཞིག་གིས་ཁྲལ་འཇལ་མ་ཐུབ་ཚེ། ཁྲལ་དཔོན་གྱིས་སྦྲ་ཆེན་རྫོང་དཔོན་ལ་དམག་མི་མངགས་ཏུ་བཅུག་ནས། ཁྱིམ་ཚང་དེའི་བཟའ་མི་ཚང་མ་ཐག་པས་བཀྱིགས་རྗེས་གདུང་མར་དཔྱངས་ནས་ལྕག་གིས་འབྲབ་ངེས་ཞེས་བརྗོད་པ་རེད།

    1959ལོར། བཅིངས་འགྲོལ་དམག་མི་ཆབ་མདོ་བརྒྱུད་དེ་སྦྲ་ཆེན་དུ་འབྱོར་རྗེས། དཔུང་སྡེ་ཞིག་འཇིགས་བྲལ་སྡོད་སའི་དམར་རུ་ཤང་དུ་བཅའ་སྡོད་བྱས་པ་རེད།

    “ཁོང་ཚོས་ངའི་ཨ་ཕར་བྱམས་བརྩེ་ལྡན་པའི་ངང‘ཨ་ཕ’ཞེས་འབོད་པ་མ་ཟད། ངའི་ཁྱིམ་ལ་ལྟོ་གོས་དཀོན་པ་མཐོང་འཕྲལ་ཁོང་ཚོས་ཁུར་ཡོང་བའི་འབྲས་སྒྱེ་དང་གྱོན་པའི་འོག་འཇུག དེ་བཞིན་ཞྭ་མོ་ལྷག་མ་དག་ཀྱང་ང་ཚོར་གནང་བྱུང་ཞིང་། ཁོང་ཚོས་གཉེན་ཉེ་ལྟར་ང་ཚོའི་འཚོ་བར་སེམས་འཁུར་གནང་བྱུང”ཞེས་འཇིགས་བྲལ་གྱིས་བརྗོད་པ་རེད།

    བཅིངས་འགྲོལ་དམག་མིའི་སྣེ་ཁྲིད་འོག རྒྱ་ཆེའི་ཞིང་བྲན་ཚོས་སྐབས་དེའི་རྫོང་སྲིད་གཞུང་གི་དབང་སྒྱུར་མགོ་རྟིང་བསློགས་པས། འཇིགས་བྲལ་ལ་ཡང་ཞིང་བྲན་གཞན་དག་ཚོ་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད།

    “ཁྱིམ་གྱི་ནོར་ལུག་འཕྲོག་དོགས་ཀྱི་སེམས་ཁྲལ་མེད་པས་ཉིན་ལྟར་ཕྱུགས་རྫིར་འགྲོ་སྐབས་སེམས་ཧ་ཅང་སྐྱིད་པོ་འདུག”དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འཇིགས་བྲལ་ཁྱིམ་ལ་རྟ་གཅིག་དང་ནོར་བཅུ་ལྷག་ཙམ་བགོ་བཤའ་རག་པ་རེད།

    འཇིགས་བྲལ་ལས་ལ་བརྩོན་ཞིང་དཀའ་ངལ་མྱོང་ཐུབ་པས། སྔ་རྗེས་སུ་ཤིང་བཟོ་དང་བོད་བཟོའི་ཐབ་བཟོ་སྟངས་ཤེས་པ་མ་ཟད་ལག་རྩལ་བྱང་ཆུབ་པས་གྲོང་ཚོའི་ནང་སྐད་གྲགས་ཆོད།

    མ་གཞི་ཚེ་མཇུག་བདེ་ལ་རོལ་ཆོག་ཀྱང་། ཚ་བོ་རྣམས་ལ་སློབ་གསོ་ཡག་པོ་ཞིག་ཐོབ་ཆེད། 2009ལོར་འཇིགས་བྲལ་གྱིས་གསེར་རྙེད་ཆུས་ནོར་བུ་རི་སྡེ་གྲོང་ལྷན་དུ་སྤོས་ནས་ཚ་བོ་ཚོར་སློབ་སྦྱོང་གི་ཁོར་ཡུག་སྔར་ལས་ལེགས་པ་ཞིག་བཏོད། ད་ཆ་འཇིགས་བྲལ་མ་གཞི་ཁྱིམ་དུ་ངལ་གསོ་བརྒྱབ་ནས་བསྡད་ཡོད་ཀྱང་། སྡེ་ཁུལ་དུ་ལས་ཀ་ཆེ་ཆུང་གང་རུང་ཡོད་ཚེ་ཁོང་འཕྲལ་དུ་ཡོང་གི་ཡོད་པ་རེད།

    640015_yis_1562573393740_s.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་ལྟ་ཐུབ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།