[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཐོའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་གཏོད་མཁན།

    — ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ས་མཐོའི་དེང་རབས་འབྲི་གཡག་ཐོན་ལས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    649081_yis_1564980788831_s.jpg

    འདི་ནི་འདམ་གཞུང་ས་གཙང་ཀོ་ཁྱིམ་འབྲོག་ར་ཡིན་པ།

    འབྲོག་ལས་ཐོན་ལས་ཅན་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་བ་དང་བསྟུན་ནས་འདམ་གཞུང་རྫོང་གི་སྲོལ་རྒྱུན་འབྲོག་ལས་ཐོན་སྐྱེད་ཀྱི་ཚན་རྩལ་འདུས་ཚད་དམའ་བ་དང་། རྩྭ་ཕྱུགས་དབར་གྱི་འགལ་ཟླ་མངོན་གསལ་དོད་པ། འབྲོག་པ་མང་ཚོགས་ལ་སྲོལ་རྒྱུན་འདུ་ཤེས་ཀྱི་ཚོད་འཛིན་ཕོག་ནས་ཚོང་སྒྱུར་འདུ་ཤེས་ཞན་པ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    2017ལོའི་ཟླ་གཉིས་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་འདམ་གཞུང་རྫོང་དུ་བརྟག་ཞིབ་གནང་སྐབས། “ཞིང་འབྲོག་ལས་ཐོན་ལས་ཅན་གྱི་རྣམ་གྲངས་ཤིག་ཡག་པོ་ཡོད་མེད་ལ་ལྟ་སྐབས་གཞི་ཁྱོན་ཁོ་ནར་ལྟ་རྒྱུ་མེད་པར་ད་དུང་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་ཆུང་དང་མང་ཚོགས་ལ་འབབ་འཕར་བྱུང་མིན་ལ་ལྟ་དགོས། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུ་དང་ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དང་། ཚན་རིག་དང་མཐུན་པའི་ངང་འཆར་འགོད། དལ་མགྱོགས་དབྱེ་བ་གསལ་པོ་འབྱེད་པ། གཙོ་གནད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱས་ནས་སྟོབས་ཆེར་གཏོང་བ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས”ཞེས་གསུངས་མྱོང་།

    ཧྲུའུ་ཅི་ཝུའུ་དབྱིང་ཅེའི“བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ཚོད་ལྟའི་ས་ཚིགས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཉམས་མྱོང་བཟང་པོ་དང་བྱ་ཐབས་ཡག་པོ་དེ་བས་མང་བ་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་ནས་འབྲོག་ལས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི”མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། འདམ་གཞུང་རྫོང་གིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་རྨང་གཞིར་འཛིན་པ་དང་། ཁྱིམ་ཚང་འབྲོག་ར་འཁོར་རྒྱུག་ལས་སྟེགས་སུ་བྱེད་པ། “ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ”སྤུས་རྟགས་སུ་བྱེད་པའི་ཐོན་ལས་འཁོར་སྦྲེལ་གཞི་རྟེན་དུ་བྱས་ཏེ་ཕན་འབྲས་ཆེ་བའི་གསོ་ཚགས་རྒྱགས་གསོའི་ལག་རྩལ་འཚོལ་ཞིབ་ཧུར་ཐག་བྱས་པས། རྩྭ་རའི་སྣོད་བཅུད་རྒྱུན་མཐུད་ལེགས་སྒྱུར་དང་མང་ཚོགས་རྒྱུན་མཐུད་འབབ་འཕར་གྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི“སྔོན་བྱོན་པར”གྱུར་ཡོད།

    ཕན་འབྲས་ཡག་པོ་ཡོད་མེད་ལས་བྱེད་པ་དང་མང་ཚོགས་ཀྱིས་ཤེས་ཐུབ། ས་གཙང་འབྲོག་ར་དང་ཁྱིམ་ཚང་འབྲོག་ར་བཏོད་དེ་སྲོལ་རྒྱུན་གསོ་ཚགས་བྱེད་སྟངས་ཀྱི་ཆིངས་སྒྲོག་ལས་འགྲོལ་བ།

    ཟླ་བདུན་པར་འདམ་གཞུང་སྔོ་ལྗང་གཡུ་ཡི་ཞིང་ཁམས་ལྟར་སྣང་ཞིང་། འདམ་གཞུང་རྫོང་གི་རྫོང་དཔོན་གཞོན་པ་རྡོ་རྗེ་ཕུན་ཚོགས་དང་ཀོ་ཁྱིམ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དར་བཟང་སླར་ཡང་གྲོང་མི་ཀུན་དགའ་ཕུན་ཚོགས་ཀྱི་ཁྱིམ་དུ་སླེབས། ཁྱིམ་འཛིན་མས་ཇ་བསྲུབས་མ་བཟོས་པ་དང་མི་ཁ་ཤས་ཐབ་ཀྱི་འགྲམ་དུ་བསྐོར་ནས་བསྡད་དེ་གླེང་མོལ་བྱེད་འགོ་ཚུགས།

    “དེ་སྔོན་ང་ཚོའི་ཁྱིམ་དུ་འབྲི་གཡག་མགོ་གྲངས་90ཡོད། ད་ཆ་ས་གཙང་ཀོ་ཁྱིམ་འབྲོག་རའི་མ་རྐང་ལ་འབྲི་གཡག་མགོ་གྲངས་26ཞུགས་པ་དང་། རང་ཉིད་ཀྱིས་འབྲི་གཡག་མགོ་གྲངས་31གསོ་ཚགས་བྱེད་ཕུད། དེ་བྱིངས་འབྲི་གཡག་ཐམས་ཅད་བཙོངས་ནས་ཚད་བརྒལ་དུད་ཚང་གི་ཞྭ་མོ་ཕུད་པ་ཡིན”ཞེས་ཀུན་དགའ་ཕུན་ཚོགས་ཀྱིས་མཛུབ་རྩིས་རྒྱག་གིན་དུ་བཤད། “ད་ལྟ་མ་རྐང་བཞག་ནས་རྐང་བདག་ཏུ་གྱུར་པས་ཡོང་འབབ་མི་ཉུང་བ་ཞིག་འདུག གཞན་ཡང་ད་དུང་ས་གཙང་འབྲོག་རར་མ་རྐང་བཞག་པའི་འབྲི་གཡག་ལ་གཡོག་བྱེད་བྱས་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ཙམ་འདུག” དེ་སྔ་ཁྲོམ་རའི་དཔལ་འབྱོར་ཟེར་བ་རྩ་བ་ནས་ཤེས་ཀྱི་མེད་པས། ཀུན་དགའ་ཕུན་ཚོགས་ཁྱིམ་གྱི་ལོ་རེའི་འབྲི་གཡག་བཤས་གཏོང་ཚད་མགོ་གྲངས་9ལས་མེད་ལ་ཡོང་འབབ་ཀྱང་སྒོར་ཁྲི་5ཙམ་ལས་མེད།

    ཉེ་བའི་ལོ་ནང་འདམ་གཞུང་རྫོང་གིས་སྒོར་ཁྲི་2408.38བཏང་ནས་ས་གཙང་འབྲོག་ར་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་བ་རེད། དུས་འགོར་ཚོད་ལྟའི་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག་རྫོང་ས་གཙང་འབྲོག་ར་ཀུང་སིས་ལོ་རེར་མུའུ་རེར་སྒོར་2ཀྱི་ཚད་གཞི་ལྟར་ཀོ་ཁྱིམ་གྲོང་ཚོའི་རྩྭ་ར་མུའུ་ཁྲི་13ལྷག་ཙམ་ནང་བཤུག་བྱས། འབྲོག་དུད་ཀྱིས་སྣོད་བཅུད་སྲུང་སྐྱོང་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་སྟེ་རྩྭ་ཕྱུགས་དོ་སྙོམས་ཀྱི་ཚད་གཞིའི་ནང་གི་མགོ་ཕྱུགས་གསོན་པོར་ལྗིད་ཚད་འཇལ་རྗེས། རྒྱ་མ་རེར་སྒོར་20ཡི་རིན་གོང་ལྟར་མ་རྐང་བཞག་ནས་བགོ་འགྲེམས་དང་ཁེ་བཟང་ལེན་གྱི་ཡོད། ཚད་ལས་བརྒལ་བའི་རིགས་ལ་ཀུང་སིས་ཐེངས་གཅིག་ལ་གཙང་ཉོ་བྱས་ཡོད། དེ་ལས་བཅིངས་འགྲོལ་ཐོབ་པའི་ངལ་ནུས་དག་ཀུང་སིས་དགོས་མཁོ་གཞིར་བཟུང་འབྲོག་པའི་འདུན་པ་དང་མགོ་ཕྱུགས་ཀྱི་གསོ་ཚགས་ཉམས་མྱོང་དང་ཟུང་འབྲེལ་གྱིས་ངལ་ལས་གྲོས་མཐུན་བཞག་ནས་ལྟོས་བཅས་ཀྱི་གླ་ཆ་སྤྲོད་ཀྱི་ཡོད། དེ་མིན་གྱི་ངལ་ནུས་ལྷག་མ་རྣམས་ལ་ཐོན་ལས་གཉིས་པ་དང་གསུམ་པར་ཞུགས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བའི་སྐུལ་མ་བཏང་ཡོད།

    “ས་གཙང་འབྲོག་རས་གསོ་ཚགས་བྱས་པའི་ལོ་6གཡས་གཡོན་གྱི་འབྲི་གཡག་ནས་རྒྱ་མ་500ཡན་ཟིན་པའི་རིགས་བཤས་གཏོང་གི་ཡོད། དེ་ཡང་སྲོལ་རྒྱུན་གྱི་གསོ་ཚགས་དུས་ཡུན་ལས་ལོ་གཉིས་ཐུང་དུ་སོང་བ་དང་བཤས་གཏོང་ལྗིད་ཚད་རྒྱ་མ་100ལྷག་ཙམ་འཕར་ཡོད། ང་ཚོས་ཚོད་རྩིས་བརྒྱབ་པ་བརྒྱུད་འབྲི་གཡག་གཅིག་གི་གསོ་ཚགས་མ་གནས་སྒོར་7000ཙམ་ཡིན་ཞིང་། ཞིབ་ཚགས་གཏུབ་པ་དང་དུས་ཚིགས་ལྡོག་ནས་ཁྲོམ་རར་འཚོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་འབྲི་གཡག་གཅིག་ལ་རིན་གོང་སྒོར་ཁྲི་1ཡན་རག་པ་དང་ཁེ་ཕན་ཐོབ་ཚད་སྒོར་3000ཟིན་གྱི་ཡོད། གཞི་ཁྱོན་ཅན་གྱི་གསོ་ཚགས་བྱས་ནས་སྣོད་བཅུད་དོ་སྙོམས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་སྟེ། རྫོང་ཡོངས་2020ལོར་རྩྭ་ཕྱུགས་དོ་སྙོམས་ཡོང་བའི་དམིགས་ཚད་མངོན་འགྱུར་ཐུབ་རེ་ཡོད་ལ། མི་སེར་ལ་འབབ་འཕར་དང་ཁེ་ལས་ལ་འབབ་འཕར་གྱི་གཉིས་ཁེ་ཡོང་རེའང་ཡོད”ཅེས་ཚེ་རིང་བཟང་པོས་བཤད་བྱུང་།

    “ཚོགས་ཆུང་ཡོངས་ལ་སྐུལ་འདེད་དང་། དུད་ཚང་གཉིས་ཀྱིས་མཉམ་གཉེར། དུད་ཚང་རྐྱང་པས་གཉེར་སྐྱོང་བཅས་ཀྱི་བྱེད་སྟངས་གཞིར་བཟུང་། རྫོང་ཡོངས་ཀྱིས་ཁྱིམ་ཚང་འབྲོག་ར་18བཙུགས། 2018ལོར་ཁྱིམ་ཚང་འབྲོག་ར་18ཀྱི་ལག་ཡོད་མགོ་གྲངས་4707ཟིན་པ་དང་། རྒྱགས་གསོ་བྱས་ནས་བཤས་གཏོང་ཚད་མགོ་གྲངས་960ཟིན་པ། ཁྱོན་བསྡོམས་འབབ་འཕར་སྒོར་ཁྲི་194.7ལྷག་ཙམ་བྱུང་ཡོད”ཅེས་འདམ་གཞུང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྤེན་པ་མཚམས་གཅོད་ཀྱིས་ངོ་སྤྲོད་བྱས།

    ཚན་རྩལ་ལ་གཏོང་ཆ་མང་དུ་བཏང་ནས་ཞིང་འབྲོག་པ་དཔེ་གསར་སྐྱེད་སྲིང་བྱས་པ། སློབ་གྲྭ་ཆེ་མོ་བ་དང་ས་གནས་དེ་གའི་མང་ཚོགས་ལས་ཞུགས་དང་ངལ་ནུས་ལྷག་མ་གཞན་སྒྱུར་བྱས་པ།

    ལོ་49ལ་སླེབས་པའི་ཀོ་ཁྱིམ་གྲོང་ཚོའི་གྲོང་མི་ཕུན་ཚོགས་ཚེ་རིང་གི་ཕ་མེས་ཡང་མེས་ཚང་མ་འབྲོག་པ་ཡིན་པས། དེ་སྔོན་སྐྱས་སྤོས་ཀྱི་འཚོ་བ་སྐྱེལ་གྱི་ཡོད། “ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་ས་གཙང་འབྲོག་རའི་ལས་མིར་གྱུར་ནས་ཟླ་རེར་ཡོང་འབབ་བརྟན་པོ་ཡོད་པ་བསམ་བློའི་ཡུལ་ལའང་འཁོར་མྱོང་མེད”ཅེས་ངོ་གདོང་ནག་ཅིང་གྲུང་ཤ་དོད་པའི་ཕུན་ཚོགས་ཚེ་རིང་གིས་དགའ་ཚོར་ཆེན་པོས་བཤད་བྱུང་།

    ས་གཙང་ཀོ་ཁྱིམ་འབྲོག་རར་མ་ཞུགས་གོང་། ཕུན་ཚོགས་ཚེ་རིང་གི་ཁྱིམ་དུ་འབྲི་གཡག་མགོ་གྲངས་90ཡོད་པ་དང་། ལོ་ལྟར་གཏན་འཇགས་ཀྱི་དུས་ཚིགས་སུ་བཤས་10ལས་གཏོང་གི་མེད། “ཕྱུགས་རང་ཉིད་ཀྱིས་འཚོ་སྐབས། འབྲི་གཡག་གི་རྒྱུད་འཕེལ་དང་ཕྱིར་ཚོང་གི་གནད་དོན་ལ་སེམས་ཁྲལ་ཆེན་པོ་འདུག ད་ཆ་སེམས་ཁྲལ་དེ་དག་བྱེད་དགོས་མི་འདུག ངས་རང་ཁྱིམ་གྱི་འབྲི་གཡག་འབྲོག་རར་བསྐྱལ་ནས་མ་རྐང་བཞག་པ་ཡིན་ལ། ད་དུང་དེའི་ལས་མི་ཞིག་ཀྱང་བྱས་པ་ཡིན” ད་ཆ་ཕུན་ཚོགས་ཚེ་རིང་གི་ལས་ཀ་ནི་བ་ཚང་ཨང་4པར་དོ་དམ་བྱེད་རྒྱུ་དེ་རེད།

    ས་གཙང་ཀོ་ཁྱིམ་འབྲོག་རར་བ་ཚང་4ཡོད་པ་དེར་ས་གནས་དེ་གའི་མང་ཚོགས་13གྱིས་ལས་ཀ་བྱེད་ཀྱི་ཡོད། དེའི་ནང་སློབ་ཆེན་ཐོན་པའི་སློབ་མ་3དང་མང་ཚོགས་དབུལ་པོ་6ཡོད། བ་ཚང་རེར་དོ་དམ་པ་དང་། ལྟ་སྐུལ་བ། ཕྱུགས་རིགས་སྨན་པ་བཅས་ཀྱང་ཡོད། “བ་ཚང་རེར་འབྲི་གཡག་60གཤོང་བ་དང་འབྲི་གཡག་དེ་དག་བ་ཚང་དེར་གསོ་ཚགས་ཞིབ་ཚགས་བྱས་ནས་ཆ་སྙོམས་ཉིན་རེར་རྒྱ་མ་4རྒྱགས་སུ་འགྲོ་ཡི་ཡོད། ཟླ་གསུམ་དུས་ཐུང་རྒྱགས་གསོ་བརྒྱབ་ནས་རྒྱ་མ་500བར་ལོན་རྗེས་གཞི་ནས་བཤས་གཏོང་གི་ཡོད། དུས་ཐུང་རྒྱགས་གསོ་རྒྱག་སྟངས་ལས་འབྲི་གཡག་གི་གཞི་ཁྱོན་ཅན་གསོ་ཚགས་མངོན་འགྱུར་དང་ཚགས་ཤའི་མཁོ་སྤྲོད་ནུས་པ་ཆེ་རུ་འགྲོ་བ་མ་ཟད། ད་དུང་རང་བྱུང་རྩྭ་རར་ཕྱུགས་འཚོ་ཚད་ཉུང་དུ་གཏོང་བ་དང་རྩྭ་ཕྱུགས་དོ་སྙོམས་ལ་ཕན་པ་ཡང་ཡོད”ཅེས་འབྲོག་ར་དེའི་འགན་འཁུར་བ་ངག་དབང་རྡོ་རྗེས་བཤད།

    བོད་ལྗོངས་དབྱི་ཁོ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་རྣམ་གྲངས་ལག་ལེན་བསྟར་རིང་། “ལྡེ་མིག་རྩིས་སྤྲོད”ཀྱི་འདུ་འགོད་ལག་བསྟར་བྱས་ཏེ་ས་གནས་དེ་གའི་ལག་རྩལ་པ་གཉིས་གསོ་སྐྱོང་བྱས། ལྷག་པ་ཚེ་རིང་སློབ་ཆེན་ཐོན་རྗེས་2018ལོའི་ལོ་འགོར་ས་གཙང་ཀོ་ཁྱིམ་འབྲོག་རར་ལས་ཀར་འཛུལ་བ་དང་ད་ཆ་གཟན་རྩྭ་རིག་ནུས་འདེབས་འཛུགས་ཀྱི་ལག་རྩལ་རིམ་བཞིན་ཁོང་དུ་ཆུད་ཡོད། “ས་ཆ་འདི་ནས་ངས་ཚན་རིག་དང་མཐུན་པའི་འབྲི་གཡག་གསོ་ཚགས་ཀྱི་ལག་རྩལ་མང་པོ་ཤེས་བྱུང་ལ། སྲོལ་རྒྱུན་གྱི་གསོ་ཚགས་དང་དེང་རབས་གསོ་ཚགས་དབར་གྱི་མངོན་གསལ་དོད་པའི་ཧེ་བག་ཀྱང་ཚོར་བྱུང་”ཞེས་ལྷག་པ་ཚེ་རིང་གིས་བཤད།

    འབྲི་གཡག་ལ“ཐོབ་ཐང་ལག་ཁྱེར”ཡོད་པ་དང་། དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཟུང་འབྲེལ་བྱས་ཏེ་ཚོང་ལམ་ཡངས་སུ་བཏང་བས། ཁྲོམ་རའི་མདུན་ལམ་སྔར་ལས་ཆེ་རུ་ཕྱིན་པ།

    ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་རྫོང་འབའ་ཞིག་འདམ་གཞུང་རྫོང་གི་སྲོལ་རྒྱུན་གྱི་འབྲི་གཡག་ཁ་ཐོར་གསོ་ཚགས་བྱེད་སྟངས་སྟབས་བདེ་ལ་རགས་ལས་ཡིན་པ་དང་དེའི་ཐོག་འབྲོག་པས་བཤས་གཏོང་མི་ཕོད་པ་དང་ཕྱིར་ཚོང་བྱེད་མི་ཕོད་པའི་ཁར། ཕྱིར་ཚོང་ཐབས་ལམ་དཀོན་པས་ད་བར་གཞི་ཁྱོན་ཅན་དང་གཅིག་སྡུད་ཅན་གྱི་གསོ་ཚགས་མངོན་འགྱུར་ཐུབ་མེད།

    2015ལོར་འདམ་གཞུང་རྫོང་གིས་རྫོང་ཁོངས་ཀྱི་དངོས་ཡོད་ལ་གཞིགས་ནས་འདམ་གཞུང་རྫོང་ས་གཙང་ལྷད་མེད་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ཏེ“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”ཁྱད་ལྡན་སྤུས་རྟགས་བཏོད་པ་དང་འབྲེལ“འདམ་གཞུང་འབྲི་གཡག་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་དང་ས་གཤིས་མཚོན་རྟགས་ཀྱི་ཚོང་རྟགས་སྲུང་སྐྱོང”ཐོ་འགོད་བྱས་ནས་འདམ་གཞུང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”SCདཔང་བདེན་ར་སྤྲོད་བྱས་པ་རེད།

    2018ལོར་འདམ་གཞུང་རྫོང་གིས“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”བཟའ་བཅའ་ཙག་ཙིག་ཁྲི་3.5ལྷག་བཙོངས་ནས་ལོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1300ལྷག་ཟིན་པ་དང་། པེ་ཅིང་གྲོང་ཤར་ཁུལ་དབུལ་སྐྱོར་ལས་དོན་ས་ཚིགས་དང་འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”བཟའ་བཅའ་ཙག་ཙིག་གི་མཁོ་སྤྲོད་གན་རྒྱ་བཞག་ནས་སྔོན་རྩིས་བྱས་ན་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་300ལྷག་རག་རེ་ཡོད་པ། ཀྲུང་གོ་ཉིའུ་རེན་སྤྲོ་སྐྱིད་ཁང་དང་དུས་ཡུན་ལོ་གསུམ་གྱི་སྒོར་དུང་ཕྱུར་1གི་ཕྱིར་ཚོང་གན་རྒྱ་བཞག་པ་དང་། ཧོན་ཆིའུ་པུའུ་ཧྲེའུ་དང་གནད་སྨིན་དབུལ་སྐྱོར་གྱི་འཐབ་ཇུས་མཉམ་ལས་གན་རྒྱ་བཞག་ནས་ཕྱིར་ཚོང་ལས་སྟེགས་སུ་བཏོན་མ་ཐག་ཚགས་ཤ་ཏུན་300ཡི་མངགས་ཐོ་རག་པ་ཡོད། མིག་སྔར་འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”ཐོན་རྫས་པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ་སོགས་ས་ཆའི་རིམ་པ་མཐོ་བའི་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།

    649101_yis_1564981324372_s.jpg

     (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་དང་པར་རིས་བལྟ་ཐུབ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།