[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འགན་དབང་14སྡེ་ཁུལ་ལ་སྤྲས་པ།

    མང་ཚོགས་དོན་དག་སྒྲུབ་པར་ཐེངས་གཅིག་ལས་འགྲོ་དགོས་མེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་གྱི་ཚོད་ལྟ་དང་པོ་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དང་ཉི་དྲོ་གླིང་སྡེ་ཁུལ་དུ་དངོས་སུ་བྱེད་འགོ་ཚུགས་ཡོད། ད་ཐེངས་ཀྱི་ཚོད་ལྟའི་ལས་དོན་ལ་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་རིམ་གཉིས་སྲིད་འཛིན་ཞིབ་མཆན་ཅུས་ཀྱིས་སྣེ་ཁྲིད་པ་དང་ཁྲེང་ཀོན་ཆུས་མི་སྤྱི་ཅུས་དང་སྨན་བཅོས་འགན་བཅོལ་ཅུས་ཞུགས་ཡོད། ཁྱོན་འགན་དབང་14གཤམ་འོག་ཏུ་སྤྲས་པ་ལས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྤྱི་དང་སྨན་བཅོས་འགན་བཅོལ་གྱི་སྡེ་ཚན་2གཙོ་གནད་དུ་བདམས་པ་དང་། སྨན་བཅོས་འགན་བཅོལ་ཅུས་ཀྱི་འགན་དབང(སྲིད་འཛིན་གཏན་འཁེལ་གྱི་དོན་ཚན་1དང་། སྲིད་འཛིན་བྱ་དགའི་དོན་ཚན་1 སྤྱི་པའི་ཞབས་ཞུའི་དོན་ཚན་3)5སྡེ་ཁུལ་ལ་སྤྲས་པ་དང་། མི་སྤྱི་ཅུས་ཀྱི་འགན་དབང(ཚང་མ་སྤྱི་པའི་ཞབས་ཞུའི་དོན་ཚན་ཡིན་པ)9སྡེ་ཁུལ་ལ་སྤྲས་པ་རེད། ད་ཐེངས་ཀྱི་འགན་དབང་གཤམ་སྤྲོད་ཀྱི་ཚོད་ལྟ་ནི་ཁྲེང་ཀོན་ཆུས་ཀྱིས་ཆུས་སྲིད་གཞུང་གི་མིང་ཐོག་ནས་ཁྲོམ་གཞུང(སྡེ་ཁུལ)གི་རིམ་པ་དང་པོར་སྲིད་དོན་ཞབས་ཞུའི་དོན་ཚན་སྤྲོད་ཐེངས་དང་པོ་ཡིན་པ་དེ་ཁག་དབྱེ་ནས་སྤེལ་བ་དང་ཚོད་ལྟ་སྔོན་བསྟར་གྱི་རྣམ་པར་བརྟེན་ནས་སྤེལ་བ་ཞིག་རེད།

    “ཁྲེང་ཀོན་ཆུས་མི་སྤྱི་ཅུས་དང་སྨན་བཅོས་འགན་བཅོལ་ཅུས་ཀྱི་འགན་དབང་14ང་ཚོའི་སྡེ་ཁུལ་ལ་སྤྲས་པ་དང་འབྲེལ། ཆེད་མངགས་དྲ་རྒྱའི་གཞུང་དོན་སྒྲུབ་པའི་མ་ལག་བཙུགས་ཡོད། ང་ཚོས་སྐར་ཁུང་གི་ལས་དོན་པར་འགན་དབང་འཁུར་ལེན་གྱི་དངོས་སྤྱོད་གསོ་སྦྱོང་བྱས་ཡོད་ལ་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ལ་འགན་དབང་གཤམ་སྤྲོད་ཀྱི་སྲིད་ཇུས་སྒྲོལ་འགྲེལ་བྱེད་སྒོ་ཡང་སྤེལ་ཡོད། གོ་སྐབས་འདི་སྤྱད་ནས‘དྲ་སྦྲེལ+ཀྱི་སྲིད་དོན་ཞབས་ཞུའི’རྣམ་པར་བརྟེན་ཏེ་སྡེ་ཁུལ་གྱི་ཞབས་ཞུའི་སྐར་ཁུང་གིས་དམངས་ལ་དོན་དག་སྒྲུབ་པའི་ལས་ཆོད་དང་སྤུས་ཚད་མཐོ་རུ་བཏང་ནས་ཉེ་འགྲམ་གྱི་གྲོང་མི་ཐེངས་གཅིག་ལས་འགྲོ་མི་དགོས་པར་དོན་དག་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཉི་དྲོ་གླིང་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་ཕུར་བུ་ཚེ་རིང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།