[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཀླུ་ནང་གྲོང་རྡལ་གྱི་དྲ་ཐོག་གྲགས་ཅན་ཨ་ཁུ་ཕུན་ཚོགས་ཀྱི་ཚོང་གཉེར་ཐབས་ལམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    ལོ་67ལ་སླེབས་པའི་ཨ་ཁུ་ཕུན་ཚོགས་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་ཐོག་མ་དེ་རེད། ཁོང་གི་མགྲོན་ཁང་དུ་2000ལོའི་ཉལ་ཁྲི་8ནས་ད་ལྟའི་52བར་མང་དུ་སོང་བ་དང་། ལོ་རེའི་ཡོང་འབབ་ཀྱང་སྔོན་ཆད་ཀྱི་སྒོར་སྟོང་ཕྲག་ཁ་ཤས་ནས་ད་ལྟའི་སྒོར་ཁྲི་30ལྷག་ཙམ་བར་འཕར་བ། ལོ་རེར་སྐུ་མགྲོན་ལ་སྣེ་ལེན་བྱེད་ཚད་མི་ཐེངས་2000ལྷག་ཙམ་ཟིན་པ་སོགས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ལམ་བུར་བསྐྱོད། ཨ་ཁུ་ཕུན་ཚོགས་ཀྱི་རོགས་རམ་འོག་ད་ཆ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་54ཡོད་པ་མ་ཟད། གྲོང་ཚོ་དེ་ཡང་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

    འདི་ལོ་ལོ་35ལ་སླེབས་པའི་མཚམས་གཅོད་ཀྱིས་ཨ་ཁུ་ཕུན་ཚོགས་ཀྱི་ཤུགས་རྐྱེན་འོག་གྲོང་མིའི་མགྲོན་ཁང་གཉེར་ཞིང་། ཁོང་གིས“གྲོང་མིའི་མགྲོན་ཁང་མ་གཉེར་གོང་། གཙོ་བོ་ཕྱུགས་འཚོ་བ་དང་ཞིང་ལས་བྱས་པར་ལོ་རེར་ཁྱོན་ཡོང་འབབ་སྒོར་2000ལྷག་ཙམ་ལས་མེད་ལ། འཚོ་བ་ཧ་ཅང་སྐྱོ་པོ་ཡོད། གྲོང་མིའི་མགྲོན་ཁང་གཉེར་རྗེས་འཚོ་བ་ཇེ་ཡག་ཏུ་ཕྱིན་སོང་། ད་ཆ་གྲོང་མིའི་མགྲོན་ཁང་གི་ཆ་རྐྱེན་ཡག་པོ་ཡོད་པས་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན། ཡོང་འབབ་ཀྱང་ཇེ་མང་དུ་འགྲོ་གི་འདུག སློབ་གྲྭ་ཆེན་མོ་བ་གཉིས་ངའི་མགྲོན་ཁང་དུ་ཉིན་3བསྡད་ནས་ཁོང་གཉིས་ཀྱིས་ངའི་མགྲོན་ཁང་གི་གནས་ཚུལ་མདོར་བསྡུས་དྲ་ཐོག་ཏུ་བསྐུར་རོགས་བྱས་བྱུང་། དེའི་ནང་ཡུལ་སྐོར་བ་གཅིག་གིས་རང་ཁྱིམ་དུ་སླེབས་པའི་སྣང་བ་ཞིག་འཆར་གྱི་འདུག སྒོ་རར་མེ་ཏོག་སྣ་ཚོགས་བཞད་ནས་ཧ་ཅང་སྙིང་རྗེ་པོ་འདུག་ལ། གྲོང་ཚོའི་ནང་དགུ་ཚིགས་སྐྱ་མོ་དང་ནམ་མཁའི་སྐར་མ་མཐོང་རྒྱུ་ཡོད་པ་མ་ཟད། གངས་རི་ཡང་མཐོང་རྒྱུ་འདུག་པས་མཛེས་ཤིང་ཡིད་དུ་འོང་བ་ཞིག་འདུག འདི་གར་བསླེབས་རྗེས་བྲལ་མི་འདོད་པའི་སྣང་བ་ཞིག་སྐྱེ་ཡི་འདུག རང་ཉིད་ས་ཆ་འདིར་ཧ་ཅང་སྐྱིད་པོ་བྱུང་ཞེས་གདེང་འཇོག་བྱས་འདུག”ཅེས་བརྗོད།

    ཨ་ཁུ་ཕུན་ཚོགས་ཀྱིས“ངའི་མགྲོན་ཁང་དུ་ཐེངས་དང་པོ་སྡོད་མཁན་ནི་ཀོང་ཏུང་གི་ཡུལ་སྐོར་བ་ཞིག་རེད། ད་ལྟ་ངའི་སྐད་འཕྲིན་གྲོགས་ཚོགས་སུ་ཡུལ་སྐོར་བ་1500ལྷག་ཙམ་ཡོད”ཅེས་བརྗོད་ཀྱིན་གཙོ་སྐྱོང་བ་ཝང་ཞའོ་ཡཱ་དང་འཁྲབ་སྟོན་པ་ཁྲེན་ཁུན་དང་མཉམ་དུ་བརྒྱབ་པའི་པར་ཞིག་ང་ཚོར་བསྟན་བྱུང་། ལོ་འདི་དག་ནང་ཁྱིམ་ཚང་མགྲོན་ཁང་གཉེར་བའི་ཉམས་མྱོང་སྐོར་གླེང་སྐབས། ཁོང་གིས“མགྲོན་ཁང་གཉེར་དགོས་ཚེ་གཙང་སྦྲ་འཕྲོད་བསྟེན་ཡག་པོ་བྱེད་པ་ནི་ཨང་དང་པོ་དང་། ཞབས་ཞུའི་རྣམ་འགྱུར་ཡག་པོ་བསྟན་རྒྱུ་ནི་ཨང་གཉིས་པ་རེད། ངས་བལྟས་ན་རྒྱ་བོད་མི་རིགས་གཉིས་ཁྱིམ་ཚང་གཅིག་ཡིན་ལ། ཕ་མ་གཅིག་གི་བུ་ཕྲུག་ཡིན་པས་མཉམ་ཟ་མཉམ་འཐུང་དང་རོགས་རམ་ཧུར་ཐག་བྱས་ནས་ཁོ་ཚོར་རང་ཉིད་ཀྱི་ཁྱིམ་ལྟ་བུའི་སྣང་བ་ཞིག་སྦྱིན་དགོས”ཞེས་བརྗོད།

    ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་སྐྱོད་སྐབས། གྱང་ལྡེབས་སུ་གཟེངས་བསྟོད་དང་། གོས་དར། མཚོན་རྟགས། འདྲ་པར་སོགས་མང་པོ་ཡོད་ལ། དེ་བས་ཡིད་དབང་འཕྲོག་དགོས་པ་ཞིག་ནི་སྒྲོག་ཙེ་རིང་པོ་ཁ་ཤས་ཀྱི་སྟེང་དུ་ཡོད་པའི་ཚོན་སྣ་དང་། ཆེ་ཆུང་། ལས་གནས། རྒྱལ་ཁབ་བཅས་མི་འདྲ་བའི་མིང་བྱང་དེ་དག་རེད། མིང་བྱང་མི་འདྲ་བ་དེ་དག་གིས་སྐུ་མགྲོན་ཚོར་སྟབས་བདེ་བསྐྲུན་པ་དང་། བརྩེ་དུང་ཟབ་ཏུ་གཏོང་བ། ཆ་འཕྲིན་ཤར་གཏོང་ཐུབ་པ་སོགས་བཀྲ་ཤིས་སྒང་གྲོང་ཚོའི་གནས་ཚུལ་མི་དེ་བས་མང་བས་ཤེས་རྟོགས་ཐུབ་ཡོད།

    མིང་བྱང་རྒྱབ་ཀྱི་གཏམ་རྒྱུད་སྐོར་གླེང་སྐབས། ཨ་ཁུ་ཕུན་ཚོགས་ལ་གཏམ་རྒྱུད་བརྗོད་ཀྱི་མི་ལང་བ་ཞིག་ཡོད། ཁོང་གིས“སྐུ་མགྲོན་ཚོས་ཐོག་མར་ངའི་མགྲོན་ཁང་དུ་ཡོང་སྐབས་ངའི་མིང་བྱང་འཁྱེར་ཀྱི་འདུག ཐེངས་གཉིས་པ་ཡོང་སྐབས་ཁོ་ཚོས་ཁང་པ་མངགས་ནས་ཐད་ཀར་སྡོད་ཀྱི་འདུག ཡུལ་སྐོར་བ་མང་དུས་སུ་ཟླ་བ་གཅིག་གཉིས་ཀྱི་སྔོན་ལ་མངགས་ཚེ་གཞི་ནས་ངའི་མགྲོན་ཁང་དུ་སྡོད་ཐུབ་ཙམ་ཡོད། ངའི་མགྲོན་ཁང་དུ་ཉལ་ཁྲི་མེད་ཚེ། ངས་གྲོང་ཚོའི་མགྲོན་ཁང་གཞན་ངོ་སྤྲོད་བྱེད་ཀྱི་ཡོད། ཁོ་ཚོ་ལོག་སྐབས་ང་ལ་མིང་བྱང་ཞིག་འཇོག་གི་འདུག གལ་ཏེ་ལག་ཐོགས་ཁ་པར་དང་། པར་ཆས། དངུལ་ཁུག་སོགས་མགྲོན་ཁང་དུ་ལུས་ཚེ་ངས་ཁོར་ཚོར་སྦྲག་ཐོག་ནས་སྐུར་བའམ་ཡང་ན་སྤུན་མཆེད་ལ་བརྒྱུད་སྐུར་བྱེད་ཀྱི་ཡོད། ཁོ་ཚོར་ཡུལ་ཟོག་ཉོ་དགོས་ཚེ། ངས་ཉོ་རོགས་བྱས་ཏེ་མྱུར་སྐྱེལ་ལ་སྐུར་གྱི་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག ཐེངས་གཅིག་སྐུ་མགྲོན་གཅིག་གི་དངུལ་སྨར་སྒོར་ཁྲི་3མགྲོན་ཁང་དུ་ལུས་འདུག་པས། ངས་ཁོ་པར་ཁ་པར་བརྒྱབ་སྟེ་དངུལ་མགྲོན་ཁང་དུ་ལུས་འདུག་པས་སེམས་ཁྲལ་མ་གནང་ཞེས་བརྗོད་དེ་ལམ་སེང་སྐུར་བ་ཡིན། མིང་བྱང་གིས་ང་དང་སྐུ་མགྲོན་དབར་སེམས་སྦྲེལ་ཟམ་པ་ཞིག་བསྐྲུན་བྱུང་ལ། ང་ཚོའི་འཚོ་བའང་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་ཡོད”ཅེས་བརྗོད།

    654878_yis_1566364940185.jpg

    འདི་ནི་དྲ་ཐོག་གྲགས་ཅན་ཨ་ཁུ་ཕུན་ཚོགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།