[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་བརྩོན་ལ་བརྟེན་ནས་བྱུང་།

    —— བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་བཀྲ་ཆོས་གྲོང་ཚོའི་སྐལ་བཟང་ཆོས་སྒྲོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    “བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོས་ལས་གང་ཞིག་བྱས་རུང་ནན་ཏན་བྱེད་དགོས” འདི་ནི་སྐལ་བཟང་ཆོས་སྒྲོན་གྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད།

    འདི་ལོ་ལོ་45ལ་སླེབས་པའི་སྐལ་བཟང་ཆོས་སྒྲོན་ནི་དགུན་ཚང་གྲོང་ཚོ་མོན་པ་མི་རིགས་ཤང་བཀྲ་ཆོས་གྲོང་ཚོའི་གྲོང་མི་ཡིན་པ་དང་། བཟའ་ཚང་ཁ་བྲལ་རྗེས་ཁོ་མོ་གཅིག་པུས་དཀའ་སྡུག་ཁྱད་བསད་ཀྱིས་ཁྱིམ་ཚང་མི་སྐྱོང་ཐབས་མེད་དུ་གྱུར། སྲིད་གཞུང་གི་ཁ་གསབ་དང་། སྣོད་བཅུད་ལས་གནས་ཁ་གསབ། ས་ཞིང་ཕྲན་ཙམ་ཕུད། དཔལ་འབྱོར་ཡོང་ཁུངས་གཞན་པ་གང་ཡང་མེད་པས་འཚོ་བར་དཀའ་ངལ་ཆེ་ཙམ་འཕྲད།

    ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྗེས། ཁོ་མོར་རྟག་ཏུ་ཐུགས་ཁུར་དང་ལྟ་རྟོག་བྱེད་ཀྱི་ཡོད། 2016ལོར་རྒྱལ་ཁབ་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་རྗེས་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་བཀྲ་ཆོས་གྲོང་ཚོར་སྒོར་ཁྲི་18.32བཏང་ནས་མཛོ་མོ་གསོ་ཚགས་རྣམ་གྲངས་བསྐྲུན། རང་ཉིད་ཀྱི་ལས་ལ་བརྩོན་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དང“ཚལ་ཐོ་རྣམ་པའི”དབུལ་སྒྲོལ་རྣམ་གྲངས་ལ་བརྟེན་ནས། སྐལ་བཟང་ཆོས་སྒྲོན་གྱིས་དབུལ་སྐྱོར་དང་གྲོང་སྡོད་ལས་བྱེད་པ་དང་འབྲེལ་མཐུད་དང་མཐུན་སྦྱོར་བྱས་པ་དང་། གནད་དོན་རེ་རེ་བཞིན་དབྱེ་ཞིབ་བྱས་རྗེས་མཐར་མཛོ་མོ་གསོ་ཚགས་རྣམ་གྲངས་སུ་ལས་ཞུགས་ཐུབ།

    ལས་ཞུགས་ཐུབ་རྗེས། སྐལ་བཟང་ཆོས་སྒྲོན་གཅིག་པུས་དྲག་ཆར་དང་རླུང་འཚུབ་ལའང་མ་ལྟོས་པར་རྟག་ཏུ་མཛོ་མོ་གསོ་ཚགས་ལ་བྲེལ།

    ཁོ་མོས་ལྟ་རྟོག་ཞིབ་ཚགས་བྱས་ཀྱང་གྲངས་འབོར་མང་དུ་རྩ་བ་ནས་ཕྱིན་མེད། ཕྱུགས་ཉོ་སླ་ཡང་གསོ་བ་ནི་ལས་སླ་པོ་ཞིག་མིན་པར་འདིར་དངོས་སྒྲུབ་ཀྱི་སྙིང་སྟོབས་དགོས་ལ། དེ་བས་ཚན་རིག་དང་མཐུན་པར་གཟན་ཆག་སྟེར་དགོས་པ་ཁོ་མོས་གསལ་པོ་ཤེས་ཀྱི་ཡོད། རིག་གནས་ཞན་པ་དང་སློབ་སྦྱོང་གི་ནུས་པ་ཞན་པས་ཁོ་མོ་ལས་གནས་དེ་བློས་གཏོང་གི་བསམ་བློ་འཁོར་མོད། ཡིན་ནའང་ཚང་མའི་རོགས་རམ་ཆུད་ཟོས་སུ་གཏོང་ག་ལ་རུང་སྙམ།

    ཁོ་མོས་ཡིད་ཆེས་བརྟན་པོས་རང་འགུལ་ངང་རེ་ཞུ་བྱས་ཏེ། ཆུས་དང་ཤང་གིས་སྒྲིག་འཛུགས་བྱས་པའི་གསོ་ཚགས་ལག་རྩལ་གསོ་སྦྱོང་འཛིན་གྲྭར་ཧུར་ཐག་ཞུགས་པ་མ་ཟད། རང་འགུལ་ངང་རོགས་སྐྱོར་ལས་བྱེད་པ་དང་འབྲེལ་བ་བྱས་ནས་ཕྱུགས་རིགས་སྨན་པ་གདན་དྲངས་ཏེ། མཛོ་མོ་གསོ་ཚགས་ལག་རྩལ་བྱང་ཆུབ་པ་སྦྱངས་པ་རེད།

    སྐལ་བཟང་ཆོས་སྒྲོན་གྱིས་མཛོ་མོ་གསོ་ཚགས་ར་བར་ཡང་སེ་སྐྱོད་པ་དང་གནད་དོན་ཤེས་མ་ཐག་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་ཀྱི་ཡོད། གཟན་རྩྭ་དང་གཟན་ཆག་སྡེབ་སྦྱོར་རམ་ཡང་ན་གསོ་ཚགས་སྒྲིག་ཆས་བཀོལ་སྤྱོད་སོགས་ཀྱི་གནད་དོན་གང་ཡིན་རུང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད་པས། མཛོ་མོ་མང་པོ་ན་བ་དང་དོ་དམ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཤི་བ་སོགས་ཀྱི་གནད་དོན་གཅིག་ཀྱང་ལྷག་མྱོང་མེད་པ་རེད།

    དཀའ་ལས་ཇི་ཙམ་བརྒྱབ་ན་འབྲས་བུ་དེ་ཙམ་བྱུང་བ་བཞིན། སྐལ་བཟང་ཆོས་སྒྲོན་གྱིས་དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་ཀྱིས་མཛོ་མོ་གསོ་ཚགས་བྱེད་པའི་ལས་རིམ་ནང་ཉམས་མྱོང་གང་མང་ཕྱོགས་སྡོམ་ཐུབ་པ་དང་འབྲེལ། ཕན་འབྲས་ལེགས་སུ་ཕྱིན་ཡོད། ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས། ཟླ་བ་3རིང་ཁྱོན་མར་སྤྱི་རྒྱ་12.5ཙམ་བཙོངས་པར་དངུལ་སྨར་ཡོང་འབབ་སྒོར་1625བྱུང་བ་དང་། ཕྱུར་བ་སྤྱི་རྒྱ་5ཙམ་བཙོངས་པར་དངུལ་སྨར་ཡོང་འབབ་སྒོར་200བྱུང་ཡོད། ཡོང་འབབ་མང་དུ་སོང་བ་དང་ཤང་འགོ་ཁྲིད་དང་། གྲོང་སྡོད་ལས་དོན་རུ་ཁག དེ་བཞིན་གྲོང་ཚོའི་ལས་བྱེད་པ་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཁོ་མོའི་ཕྱུག་འགྱུར་གྱི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།