[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཅེས་སེམས་སྦྲང་ཆར་ཟིལ་མ་ཡིས། སེམས་ཀྱི་ཞིང་ས་རབ་ཏུ་བརླན།

    —— བོད་ཀྱི་མ་བུ་བདེ་སྲུང་མཐུན་ཚོགས་ཀྱིས་རྒན་རྒོན་གྱི་བདེ་ཐང་སླར་གསོའི་རོགས་སྐྱོར་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    “འགྲོ་རོགས་ཡོ་བྱད་དེ་ང་ཚོའི་ངོས་ནས་བརྗོད་ན་ཕན་ཐོགས་ཧ་ཅང་ཆེན་པོ་འདུག ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཉེ་དུས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ལོ་57ལ་སླེབས་པའི་ཕུར་བུ་ཚེ་རིང་གིས་བོད་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བསྟན་འཛིན་ཆོས་སྒྲོན་གྱི་ལག་ནས་འཇུས་ཏེ་སེམས་འགུལ་ཐེབས་བཞིན་བརྗོད། དེ་ཉིན་རྒན་རྒོན་དབང་པོ་སྐྱོན་ཅན་91ཡོད་པ་ཚང་མར་བདེ་སྲུང་མཐུན་ཚོགས་ཀྱིས་གནང་བའི་སྨན་བཅོས་ཡོ་བྱད་སྣ་ཚོགས་རག་ཡོད་པ་རེད།

    “ང་ཚོའི་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་2008ལོར་བཙུགས་པ་དང་། ལོ་དེ་དག་རིང་། རྒན་རྒོན་གྱི་གྲངས་ཚད་ཇེ་མང་དུ་འགྲོ་བ་དང་། ལོ་ན་ཇེ་མཐོར་ཕྱིན་པའི་དབང་གིས་ལྟེ་གནས་ལ་བདེ་ཐང་སླར་གསོའི་རིགས་ཀྱི་སྨན་བཅོས་ཡོ་བྱད་ཀྱི་དགོས་མཁོ་སྔར་བས་ཆེ་རུ་འགྲོ་བཞིན་འདུག བོད་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས་ཀྱིས་མཁོ་འདོན་བྱས་པའི་ཡོ་བྱད་ཀྱིས་རྒན་རྒོན་ཚོའི་འཚོ་བར་ཧ་ཅང་སྟབས་བདེ་བསྐྲུན་ཡོད”ཅེས་གོང་དཀར་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་བརྗོད།

    2015ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་དངུལ་བཏང་བ་དང་མཐུན་ཚོགས་ཀྱིས་མ་དངུལ་རང་གྲབས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། བོད་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས་ཀྱིས་ལྷ་སའི་རྫོང་དང་ཆུས་ཁག་གཅིག་ཏུ་བདེ་ཐང་རོགས་སྐྱོར་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་འབྲེལ། དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་མི་སྣར་གསོ་སྦྱོང་ཡང་བྱས་པ་རེད། འདི་ལོ་བདེ་ཐང་སླར་གསོའི་སྨན་བཅོས་ཡོ་བྱད་ཀྱི་ཕན་ནུས་སྔར་བས་འདོན་སྤེལ་བྱ་ཆེད། མཐུན་ཚོགས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པར“སྨན་བཅོས་ཡོ་བྱད་ཆུང་གྲས་སྤྲོད་པའི”སྤྱི་ཚོགས་ལས་དོན་གྱི་ཞབས་འདེགས་དཔེ་སྟོན་རྣམ་གྲངས་བརྒྱུད། བདེ་ཐང་སླར་གསོའི་རོགས་སྐྱོར་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་12ལ་ཁྱབ་པར་བྱས་ཡོད།

    “རང་སྐྱོང་ལྗོངས་དམངས་སྲིད་ཐིང་དམངས་དོན་དོ་དམ་ཅུས་དང་ལྷོ་ཁ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་རོགས་རམ་འོག ང་ཚོས་མ་དངུལ་སྒོར་ཁྲི་62.2གྲབས་གསོག་བྱས་ནས་བདེ་ཐང་སླར་གསོའི་ཡོ་བྱད་ཆུང་གྲས་ཉོས་པ་དང་ཆབས་ཅིག རྒན་རྒོན་གྱི་བདེ་ཐང་སླར་གསོའི་རོགས་སྐྱོར་དང་ནད་སྐྱོང་བའི་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ནས། རྒན་རྒོན་ཚོའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཡོད”ཅེས་བསྟན་འཛིན་ཆོས་སྒྲོན་གྱིས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།