[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་གྱི་མཐོང་ཐོས།

  • ཡོང་ཁུངས།      |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་གསར་འགོད་པ། བཀྲ་ཤིས། རིན་ཆེན། དམ་ཆོས་མི་ཕམ།    |    སྤེལ་དུས།   2019-11-06

    675451_yis_1572500147269.jpg

    ཉིང་ཁྲིའི་འགྲེམས་ཁུལ་གྱི་སྤོས་དང་སུར་པན་སོགས་ཐོན་རྫས་སྣ་ཚོགས།

    ལྗོན་ཤིང་གི་ལོ་མ་རིམ་གྱིས་སེར་པོར་གྱུར་ཅིང་། བསིལ་རླུང་གི་རམ་འདེགས་འོག་སེར་མདོག་གི་ལོ་འདབ་མང་པོ་དལ་བ་དལ་བུར་ས་ལ་ཟགས། རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་གང་སར་འཕྱོ་བའི་ལོ་འདབ་སེར་པོ་དག་མིག་ལམ་དུ་འཆར་དུས། ང་ཚོར་ད་ནི་སྟོན་ཁའི་དུས་ཚིགས་རྫོགས་ལ་ཉེ་སོང་ཨང་སྙམ་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་།

    དུས་ཚོད་ནི་ཟླ་བ་བཅུ་པའི་ཟླ་མཇུག་ཏུ་སླེབས་ཀྱང་། ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་གང་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། ལྷག་པར་དུ་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གི་ལས་ཁུངས་ཚན་པ་དང་མང་ཚོགས་མང་པོས་རྣམ་པ་མི་འདྲ་ལ་ནང་དོན་ཕུན་སུམ་ཚོགས་པའི་ལེ་ཚན་མང་པོ་འཁྲབ་སྟོན་བྱས་ནས་མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་རྡོག་རྩ་གཅིག་སྒྲིལ་ངང་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་ཏེ། གོམ་ཞེང་ཆེན་པོས་ཐུན་མོང་ཐོག་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་པའི་བཀྲ་ཤིས་ཁ་གཡང་སྒྲོག་བཞིན་མཆིས།

    675448_yis_1572500145194.jpg

    ནག་ཆུའི་འགྲེམས་ཁུལ་དུ་ཨ་ཁུ་འབྲོག་པས་འབྲོག་པའི་ཐོན་རྫས་འགྲེམས་སྟོན་བྱེད་བཞིན་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་ནི་རང་ལྗོངས་ཀྱི་མིག་སྔའི་ལས་དོན་གཙོ་བོ་ཞིག་དང་། ཐོན་ལས་འཕེལ་རྒྱས་གཏོང་བ་ནི་དབུལ་སྒྲོལ་མངོན་འགྱུར་ཡོང་བའི་རྩ་བའི་ཐབས་ཇུས་ཤིག་རེད། ཐོན་ལས་དབུལ་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཐུབ་ཆེད། རང་ལྗོངས་ཀྱིས་སྔ་རྗེས་སུ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2591ལག་བསྟར་དོན་འཁྱོལ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་གྲངས་ཁྲི་23.6དུས་བཀག་ལྟར་དབུལ་གྲོལ་བྱུང་ཡོད། ཉེ་དུས་འཚོགས་པའི་རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ནི་རང་ལྗོངས་ཀྱིས་རོགས་སྐྱོར་དང་གསོ་སྐྱོང་བྱས་པའི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་གིས་རང་ཡུལ་གྱི་ཁྱད་ལྡན་ལེགས་ཆ་སྔོག་འདོན་བགྱིས་ཏེ། རང་རང་གི་སྤུས་དག་གི་ཐོན་རྫས་མང་པོ་འགྲེམས་སྟོན་དང་ཕྱིར་ཚོང་བྱེད་སའི་གར་སྟེགས་ཤིག་རེད། ཤིང་ཕོར་དང་། ནས་ནག་རྩམ་པ། རིན་སྤུངས་གཡང་ཊི། མོན་ཡུལ་ལེགས་པོ་རོང་གི་བྱིན་ལྡན་ཇ་ལོ། མི་རིགས་ཀྱི་གྱོན་ཆས་སོགས་འདི་གར་བསྡུས་པའི་དབུལ་སྐྱོར་གྱི་ཐོན་རྫས་གཅིག་ལས་གཅིག་རྒྱུ་སྤུས་ལེགས་པ་དང་། གཅིག་ལས་གཅིག་བྲིན་ཁ་རྒྱུག་པས། ཁེ་ལས་དང་མཉམ་ལས་ཁང་སོ་སོའི་སྦྱིན་བདག་དང་ལས་མི་རྣམས་ལྷོད་ཤིག་གེར་རྐུབ་སྟེགས་སུ་སྡོད་ཁོམ་མེད་པར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། གནས་འདིར་ཕེབས་པའི་འཛད་སྤྱོད་པ་རྣམས་ནི་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པའི་དཔེ་ལྟར། ལམ་ཐག་རིང་ཐུང་ལ་མ་བལྟོས་པར་གནས་དེར་ཕེབས་ནས། རང་རང་ལ་མཁོ་བའི་དངོས་ཟོག་ཉོ་སྒྲུབ་བྱེད་བཞིན་འདུག་ཅིང་། རང་བློར་བབ་པའི་ཅ་དངོས་ཤིག་ཡིན་ཕྱིན་སྔོན་ཆད་ལྟར་དངུལ་ལ་ཕངས་སེམས་དེ་འདྲ་མི་བྱེད་ལ། དངུལ་ཁུག་ལུས་ལ་འཁུར་དགོས་མེད་པ་མ་ཟད་དངུལ་གྲངས་ཀྱང་བརྩི་དགོས་མེད་པར། དེ་འཕྲལ་ཁ་པར་ནས་དངུལ་གཏོང་སྤྲོད་བྱེད་བཞིན་འདུག་པས། སྣང་ཚུལ་འདི་འདྲ་མཐོང་དུས་གསར་འགོད་པར། མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་འདུག་ཨང་སྙམ་པའི་ཚོར་སྣང་ཞིག་ངང་གིས་སྐྱེས། ཁོང་རྣམ་པས་ཐོན་སྐྱེད་བྱས་པའི་ཐོན་རྫས་སྣ་ཁ་མང་ལ་སྤུས་ཚད་ལེགས་པ་དང་། རྫས་འགྱུར་གྱི་གཡའ་དང་བྲལ་བས། བྲིན་ཁ་རྒྱུག་པ་མ་ཟད་འཛད་སྤྱོད་པས་གདེང་འཇོག་ཧ་ཅང་ཡག་པོ་བྱེད་པས། ཐོན་རྫས་མང་པོ་ཞིག་འགྲེམས་སྟོན་མཇུག་མ་འགྲིལ་གོང་ནས་བྲིན་ཚར་ཏེ་རྗེས་སུ་ཉོ་བར་ཕེབས་མཁན་འཛད་སྤྱོད་པའི་གདོང་ནས་ཤིན་ཏུ་ནས་ཕངས་སེམས་ཀྱི་རང་མདངས་ཤིག་འཕྱུར་བཞིན་འདུག

    675450_yis_1572500146770.jpg

    ཕུལ་བྱུང་ལག་ཤེས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    བོད་ལྗོངས་ཨ་མ་རྒན་མོ་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་དེ་སྔོན་གྱི་ལྷ་རྩེ་རྫོང་གཞིས་ཆེན་ཤང་བལ་གྱི་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་རྨང་གཞིའི་ཐོག་2017ལོའི་ཟླ་3པར་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ལས་གཏོད་པ་ཚེ་གཡང་གིས་བཙུགས་པ་ཞིག་རེད། མིག་སྔར་ཀུང་སི་དེར་ཁྱོན་ལས་མི་110ཡོད་པའི་ནང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་མི་64དང་། དབང་སྐྱོན་མི་སྣ་15 སློབ་ཆེན་བ་15ཡོད་ཅིང་། ཁྱིམ་ཚང་དབུལ་པོའི་ལས་མིར་ལོ་རེར་ཡོང་འབབ་སྒོར་36000ཟིན་པ་དང་། སློབ་ཆེན་བར་ལོ་རེར་ཡོང་འབབ་སྒོར་42000-66000ཙམ་ཟིན་གྱི་ཡོད། འདི་གར་འགྲེམས་སྟོན་ལ་སླེབས་པའི་ཀུང་སིའི་ལས་མི་ཕུར་བུ་ཚེ་རིང་གིས། ངེད་ཀུང་སི་བཙུགས་ཚུན། རང་སྐྱོང་ལྗོངས་དང་། གཞིས་རྩེ་གྲོང་ཁྱེར། ལྷ་རྩེ་རྫོང་སོགས་རིམ་ཁག་སྲིད་གཞུང་དང་ཚན་པས་རྒྱབ་སྐྱོར་ཆེན་པོ་གནང་བ་དང་། དོན་དངོས་ཀྱི་དཀའ་ངལ་མང་པོ་སེལ་རོགས་གནང་བྱུང་། ལྷག་པར་དུ། 2016ལོར་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན། རིམ་ཁག་སྲིད་གཞུང་གིས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་འཕེལ་རྒྱས་ལ་མཐོང་ཆེན་གནང་སྟེ། མ་དངུལ་འབོར་ཆེན་ཐོན་ལས་དབུལ་སྐྱོར་ལ་བེད་སྤྱོད་གནང་སྟབས། ངེད་ཚོའི་སྔོན་ཆད་ཀྱི་མཉམ་ལས་ཁང་དེ་གཞི་ནས་ད་ལྟའི་ཀུང་སིར་བསྒྱུར་ཐུབ་སོང་བས། ངེད་ཀུང་སིས་མ་དངུལ་དེ་དག་སྤྱད་ནས་དེ་བས་མང་བའི་དུད་ཚང་དབུལ་པོའི་མི་སྣ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་འབད་བརྩོན་ཧུར་ཐག་བྱས་པ་དང་། ཁྲོམ་རའི་དགོས་མཁོར་གཞིགས་ནས་དེ་བས་མང་བའི་ཐོན་རྫས་ཐོན་སྐྱེད་བྱེད་པར་ཕན་པ་ཆེན་པོ་བྱུང་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྩེ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་ཀུང་སི་དེ་གར་ལྷ་རྩེ་རྫོང་གི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཚོད་ལྟའི་དཔེ་སྟོན་རྟེན་གཞི་བཙུགས་ནས། སློབ་ཆེན་སློབ་མར་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་གནང་ཡོད་པ་རེད།

    གཞན་ཡང་། གཞིས་རྩེའི་འགྲེམས་ཁུལ་དུ་གནས་པའི་རིན་སྤུངས་ཀྱི་གཡང་ཊིའི་ཚོང་སྒྲོམ་གྱི་མདུན་དུ་མི་མང་པོས་འཚང་ཁ་ཤིག་ཤིག་ངང་གཡང་ཊིའི་ཐོན་རྫས་ལ་ལྟ་བཞིན། དེའི་བཟོ་རྩལ་ལ་ཧ་ལས་ལས་བྱེད་ཅིང་། ལྷག་པར་དུ་རིན་གོང་འཚམ་ལ་རྒྱུ་སྤུས་དག་པའི་གཡང་ཊིའི་ཇ་ཕོར་ལ་དགའ་པོ་བྱེད་མཁན་ཧ་ཅང་མང་བས། འཛད་སྤྱོད་པ་མང་པོས་རང་གི་དགའ་མོས་ལ་གཞིགས་ནས་བཟོ་ལྟ་སྣ་ཚོགས་དང་ཆེ་ཆུང་སྣ་ཚོགས་ཀྱི་ཇ་ཕོར་ལ་ཞིབ་ལྟ་བྱེད་བཞིན་གོང་ཚད་སྒྲིག་གིན་འདུག རིན་སྤུངས་ལ་གཡང་ཊིའི་ཐོན་ཁུལ། ཁྱད་ལྡན་རྡོ་ཡི་ཕ་ཡུལ་ཅེས་པའི་མཚན་སྙན་ལྡན་ཞིང་། ནམ་རྒྱུན་རིན་སྤུངས་ཀྱི་མིང་ཇི་ལྟར་ཐོགས་ཚུལ་ལ་རིན་ཆེན་སྤུངས་པའམ་ནོར་བུའི་བང་མཛོད་ཅེས་འགྲེལ་བཤད་བྱེད་ཀྱི་ཡོད། ཡུལ་དེར་རིན་ཆེན་ནོར་བུའི་རིགས་ཉི་ཤུ་ལྷག་ཙམ་ཡོད་པའི་ཁྲོད། རིན་སྤུངས་ཀྱི་གཡང་ཊིར་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཡོད་པར་སྨྲ། རིན་སྤུངས་ཀྱི་གཡང་ཊི་ལ་ཚོས་མདོག་དཀར་པོ་དང་། ནག་པོ། སྔོ་ནག དམར་པོའམ་ཇ་ཐང་མདོག་སོགས་སྣ་ཚོགས་ཡོད། གཞིས་རྩེའི་འགྲེམས་ཁུལ་དུ་ཡོད་པའི་རིན་སྤུངས་རྫོང་རིན་གཡུ་མི་རིགས་གཡང་ཊི་བརྐོས་དཀྲོལ་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཉི་མས། གཡང་ཊིས་བཟོས་པའི་སྣོད་ཆས་ཡུན་རིང་བེད་སྤྱོད་བྱས་ན། ལུས་ཁམས་བདེ་སྲུང་གི་ནུས་པ་ཆེན་པོ་ལྡན་པ་དང་། ལྷག་པར་དུ་ཕོ་བ་གསོ་བ་དང་། རྒྱུ་མ་དང་མཁལ་མ་སོགས་ཀྱི་ནད་རིགས་འགོག་པར་ནུས་པ་ཆེན་པོ་ཡོད། ང་ཚོས་ཐོན་སྐྱེད་བྱས་པའི་གཡང་ཊིའི་ཐོན་རྫས་ཁག་རྒྱུ་སྤུས་དག་ཅིང་། བཟོ་རྩལ་ཁྱད་པར་ཡིན་པས། འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཉིན་དགུང་མ་ཟིན་གོང་ལ་ཡོང་འབབ་སྒོར་ཁྲི་གཅིག་ལྷག་བྱུང་ཞེས་དགའ་ཚོར་ཆེན་པོས་བཤད།

    675449_yis_1572500146208.jpg

    འཛད་སྤྱོད་པས་ཐོན་རྫས་འདེམས་ཉོ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།