[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བཀྲ་ཤིས་དབང་འདུས་ཀྱི་དབུལ་སྒྲོལ་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-05

    686498_yis_1575438248766.jpg

    འདི་ནི་ཞིང་ལས་དངུལ་ཁང་ཤན་རྩ་རྫོང་གཞུང་སྨད་ལས་གཉེར་སུའོ་ཡིས་མང་ཚོགས་ལ་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་སེར་རྫོང་གྲོང་ཚོ་ནས་ཡིན་པའི་གྲོང་མི་བཀྲ་ཤིས་དབང་འདུས་2015ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས། དེ་སྔོན་ནང་མི་ཚང་མ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་བ་དང་ཐ་ན་འཚོ་བ་འཁྱོལ་ཐུབ་ཀྱི་མེད།

    བཀྲ་ཤིས་དབང་འདུས་དུད་ཚང་དབུལ་པོར་གཏན་འཁེལ་བྱས་རྗེས། གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱུན་དུ་ཁོང་ཚོའི་ཁྱིམ་དུ་བསྐྱོད་དེ། ཁོང་ལ་ཏང་གི་དབུལ་སྐྱོར་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ཞིང་ལས་དངུལ་ཁང་ཤན་རྩ་རྫོང་གཞུང་སྨད་ལས་གཉེར་སུའོ་ཡི་ལས་མིས་ཀྱང་རྒྱུན་དུ་ནས་གྲོང་ཚོར་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཤེས་བྱ་སྒྲོག་འགྲེལ་བྱེད་ཀྱི་ཡོད། བཀྲ་ཤིས་དབང་འདུས་ཀྱིས་སྒྲོག་འགྲེལ་དེ་དག་ཡག་པོ་ཉན་པ་དང་སེམས་ལ་བཞག་པས་རྗེས་ལུས་ཀྱི་བསམ་བློར་ཡང་འགྱུར་ལྡོག་ཐེབས་ཡོད།

    ཁོང་གིས་རྒྱུན་དུ་ལྟ་ཞིབ་བྱས་པ་བརྒྱུད། སེར་རྫོང་གྲོང་ཚོ་ནི་གྲོང་རྡལ་སྲིད་གཞུང་གནས་ཡུལ་དང་གཞུང་ལམ་འགྲམ་དུ་གནས་པ་མ་ཟད། འགྲུལ་བཞུད་བྱེད་མཁན་མང་བས་གལ་སྲིད་ཚོང་ཙག་ཙིག་ཅིག་བརྒྱབ་ན་དབུལ་སྒྲོལ་ཐུབ་ཀྱི་རེད་སྙམ།

    བཀྲ་ཤིས་དབང་འདུས་ཀྱིས་གཞུང་ལམ་འགྲམ་ནས་ཁང་པ་ཞིག་གཡར་ཏེ་ཇ་ཁང་ཞིག་འཛུགས་བརྩིས་བྱས་ཀྱང་། མ་དངུལ་མ་འདང་བར་ཡུན་རིང་ཇ་ཁང་འཛུགས་ཐུབ་མེད།

    བཀྲ་ཤིས་དབང་འདུས་འུ་ཐུག་ཐབས་ཟད་ཀྱི་སྐབས་དེར་ཞིང་ལས་དངུལ་ཁང་གཞུང་སྨད་ལས་གཉེར་སུའོ་ཡི་ལས་བཟོ་སླར་ཡང་སེར་རྫོང་གྲོང་ཚོར་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་ཡོང་། བཀྲ་ཤིས་དབང་འདུས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་ཞིང་ལས་དངུལ་ཁང་ཤན་རྩ་གཞུང་སྨད་ལས་གཉེར་སུའོ་ཡི་ཀྲུའུ་རེན་བསམ་གྲུབ་ལ་བཤད། བསམ་གྲུབ་ཀྱིས་ཁོང་གི་སྐད་ཆ་ཉན་རྗེས་ཁོང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་འབྲེལ། ཁོང་ལ་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། མཐར་བཀྲ་ཤིས་དབང་འདུས་ཀྱིས་རེ་ཞུ་བྱས་པ་བརྒྱུད་ལས་གཉེར་སུའོ་དེས་མི་སྒེར་གྱི་གནད་སྨིན་དབུལ་སྐྱོར་མ་དངུལ་སྒོར་ཁྲི་5གཡར་བ་དང་། དེའི་ཐོག་རང་ཉིད་ཀྱིས་བསགས་པའི་སྒོར་ཁྲི་2.9བརྒྱབ་ནས་ཁ་སྣོན་ཁྱོན་སྒོར་ཁྲི་7.9ཡོད་པ་རེད། 2017ལོའི་ཟླ་8པར། བཀྲ་ཤིས་དབང་འདུས་ཀྱིས་མ་དངུལ་དེ་སྤྱད་ནས་ཇ་ཁང་བཙུགས་པ་དང་ཇ་ཁང་བཙུགས་པའི་ཟླ་དང་པོ་ཁོ་ནར་ཡོང་འབབ་ཁེ་གཙང་སྒོར་4000རག་པ་རེད།

    2018ལོར་སེར་རྫོང་གྲོང་ཚོས“གྲོང་ཚོ་གཅིག་ལ་མཉམ་ལས་ཁང་གཅིག”གི་འབྲི་གཡག་རྒྱགས་གསོ་རྟེན་གཞིའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས། བཀྲ་ཤིས་དབང་འདུས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཉམ་ལས་ཁང་ནང་ཞུགས་པ་མ་ཟད། དུད་ཚང་དབུལ་པོ་གཞན་དག་དེའི་ནང་ཞུགས་རྒྱུའི་སྐུལ་སློང་ཧུར་ཐག་བྱས་པ་རེད།

    འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བཀྲ་ཤིས་དབང་འདུས་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བཀྲ་ཤིས་དབང་འདུས་ཀྱིས“ད་ཆ་རང་ཉིད་ལ་ཡིད་ཆེས་ཆེན་པོ་འདུག་སླད་ཕྱིན་རང་ཉིད་ཀྱི་ཇ་ཁང་རྒྱ་སྐྱེད་བཏང་ནས་དུད་ཚང་དབུལ་པོའི་ཁྲོད་ཕྱིར་གླ་པར་བསྐྱོད་མི་ཐུབ་མཁན་ཞབས་ཞུ་བར་བསྡུ་ཡི་ཡིན། རང་ཉིད་དབུལ་སྒྲོལ་ཐུབ་པ་དང་དུས་མཚུངས་དུད་ཚང་དབུལ་པོ་གཞན་དག་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་རོགས་རམ་བྱེད་ཀྱི་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།