[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་སྟེ། ལྷ་མོའི་ཁྱིམ་གྱི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-28

    ལྷ་མོ་དང་འཕྲད་སྐབས། ཁོང་ཨ་མ་ཟླ་བ་གསལ་སྒྲོན་དང་མཉམ་དུ་རུའེ་ཧྥེང་ཐེ་ཞིང་ལས་དངོས་མང་གླིང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། དེ་གར་མ་སྨད་གཉིས་དང་ལས་སྒྲུབ་མི་སྣ་གཞན་དག་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད་པས་འཆམ་མཐུན་གྱི་རྣམ་པས་ཡོངས་སུ་ཁེངས།

    “མོ་རང་ལོ་ན་གཞོན་ཡང་འདི་གར་འཇོན་ཐང་ཆེ་ཤོས་ཡིན། བཟའ་ཟླ་ཡག་པོ་ཞིག་བཙལ་ནས་འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད”ཅེས་ལྷ་མོ་དང་མཉམ་དུ་ལས་ཀ་བྱེད་བཞིན་པའི་མཚོ་མོས་དེ་ལྟར་བཤད་བྱུང་།

    ལྷ་མོ་ནི་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བསམ་ཡས་སྡེ་ཁུལ་གྱི་ཚོགས་ཆུང་5པའི་ཡུལ་མི་ཞིག་ཡིན། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཉེ་བའི་ལོ་ཤས་རིང་བསམ་ཡས་སྡེ་ཁུལ་དུ་དེང་རབས་སྣོད་བཅུད་ཞིང་ལས་ཆར་རྗེས་ཀྱི་མྱུ་གུ་བཞིན་གོང་འཕེལ་བྱུང་ཞིང་། རུའེ་ཧྥེང་ཐེ་ཞིང་ལས་དངོས་མང་གླིང་ནི་དཔེ་ཡག་པོ་ཞིག་རེད།

    ཡུལ་གཞན་གྱི་ཁེ་ལས་བཅའ་སྡོད་བྱས་རྗེས། ཡུལ་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། ད་དུང་ཡུལ་དེ་གའི་མང་ཚོགས་ཀྱི་མིག་རྒྱའང་བསྐྱེད་པས་ཡུལ་མིའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། ལྷ་མོས། དངོས་མང་གླིང་དུ་ལས་ཀ་ཉིན་གཅིག་བྱས་ན་ཡོང་འབབ་སྒོར་150རག་གི་ཡོད། ཕ་ཡུལ་ནས་མ་བྲལ་བར་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པས་ཡུལ་མི་རྣམས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་གསར་འགོད་པར་བརྗོད།

    ལྗོངས་ཕྱིའི་མང་ཚོགས་དང་སྤེལ་རེས་འགྲོ་འོང་བྱས་པ་བརྒྱུད་ལྷ་མོས་དེང་རབས་ཀྱི་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། ཁོ་མོར་བརྩེ་དུང་གི་ལས་འབྲེལ་ཡང་བྱུང་བ་རེད། ཁོ་མོའི་སྐད་ཆ་ལྟར་ན་དེ་ནི“ལས་སྨོན་བཟང་པོའི་ཐུག་འཕྲད་ལས། ལས་འཕྲོའི་མདུད་པ་དམ་དུ་བཅིངས”པ་ཞིག་རེད།

    ལྷ་མོའི་བཟའ་ཟླའི་མིང་ལ་ལིའུ་ཞུའེ་ཚའེ་ཟེར་བ་དང་སི་ཁྲོན་ཆུང་ལའེ་ནས་ཡིན། 2009ལོར་བོད་དུ་སླེབས་པ་དང་2014ལོར་ལྷ་མོ་དང་ངོ་ཤེས་རྗེས་གཉེན་སྒྲིག་བྱས།

    “ཁོང་བཟའ་ཚོ་ཧ་ཅང་འཇོན་པོ་ཡོད། མུའུ་4ཡི་དྲོད་ཁང་ཆེན་པོ་ཞིག་ཏུ་འདེབས་འཛུགས་བྱས་པས་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་བ་རེད”ཅེས་ལྷ་མོ་དང་ལས་ཀ་མཉམ་དུ་བྱེད་མཁན་མང་ཚོགས་ཀྱིས་དེ་ལྟར་བརྗོད།

    མང་ཚོགས་ཀྱི་སྐད་ཆ་དེ་དག་ཐོས་སྐབས་གསར་འགོད་པར་ལྟ་འདོད་ཆེན་པོ་བྱུང་།

    “འགྲོ་དོ། གཅིག་བལྟ་བར་ཕྱིན་པར་ག་རེ་ཡོད་དམ”བཟའ་ཟླ་ལིའུ་ཞུའེ་ཚའེ་ཅུང་འགྲོ་འདོད་མེད་པའི་ཚུལ་མཐོང་སྐབས། ལྷ་མོ་ཡི་མ་རངས་པར་དེ་ལྟར་བཤད།

    ལྷ་མོས་གསར་འགོད་པར་དྲོད་ཁང་འདི་དག་ནི་ན་ནིང་བསྐྲུན་པ་ཡིན། ཁྱོན་མ་རྩ་སྒོར་ཁྲི་3ལྷག་བཏང་བ་ཡིན། ན་ནིང་ཚལ་ཧ་ལམ་སྐྱེས་མ་བྱུང་། ད་ལོར་ནན་ཀྭ་དང་། ཧྲང་ཧའེ་ཆིང། པད་ཚལ་ཁོ་ནར་སྒོར་སུམ་སྟོང་བཞི་སྟོང་བྱུང་ཞེས་བཤད་ཅིང་། ཁོང་གིས་ཉེ་འགྲམ་གྱི་དྲོད་ཁང་ལ་མཛུབ་མོ་བཙུགས་ཏེ། གསར་འགོད་པར་ཕ་གིར་ཤིས་ཀྭ་བཏབ་ཡོད་པས་མི་རིང་བར་བཙོང་ཆོག་ཅེས་བཤད།

    ལྷ་མོས་ད་དུང་གསར་འགོད་པར་དེ་དག་ནི་བཟའ་ཟླ་ལིའུ་ཞུའེ་ཚའེ་ཡི་བྱས་རྗེས་རེད། “སྔོན་ཆད་ཁོང་གིས་རྟག་པར་ཁོ་ཚོའི་ཕ་ཡུལ་གཅིག་པའི་དྲོད་ཁང་དུ་ཚལ་འདེབས་རོགས་བྱེད་ཀྱི་ཡོད། འོན་ཀྱང་རོགས་ཁོ་ན་བྱས་ནས་སྡོད་པ་དེ་ངའི་བསམ་པར་ཕུགས་ཀྱི་ཐབས་མ་རེད་སྙམ་བྱུང་། ང་ཚོ་རང་ཉིད་ཀྱི་ས་ཞིང་དུ་དྲོད་ཁང་བརྒྱབ་ནས་འདེབས་འཛུགས་བྱས་ན་བཟང་། མ་གཞི་ཁོང་གི་སྐད་ཆ་ཉུང་ནའང་ལས་ཀ་བྱེད་སྐབས་ཧ་ཅང་གཟབ་ནན་ཡིན་ཞིང་། ཞིབ་ཚཌ་ལ་ཕུཌ་ལ་བསམ་བློ་གཏོང་མཁས་པོ་ཡོད”ཅེས་བཤད་བྱུང་།

    “སྐབས་རེ་ཁོང་གིས་དྲོད་ཁང་དུ་ལས་ཀ་བྱས་ནས་རྔུལ་ཆུས་ལུས་ཡོངས་འཚོས་པ་མཐོང་སྐབས་ང་བློས་མི་བཟོད་པ་ཞིག་འདུག”དྲོད་ཁང་འདེབས་འཛུགས་ཀྱི་ལག་རྩལ་ཐད་ཀྱི་དོན་དག་ཚང་མ་བཟའ་ཟླ་ལིའུ་ཞུའེ་ཚའེ་གཅིག་པུས་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།

    “ད་ཆ་ང་ཚོས་དྲོད་ཁང་འདེབས་འཛུགས་ཡག་པོ་བྱས་ན་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་རེད་སྙམ། དེ་དུས། ཁོང་མོས་མཐུན་ཡོད་ན་ཁོང་གི་ཕ་མ་ཡང་ཚུར་བསུས་ནས་མཉམ་དུ་འཚོ་བ་སྐྱེལ་གྱི་ཡིན། གལ་སྲིད་མོས་མཐུན་མེད་ཚེ། ང་དང་ཁོང་སི་ཁྲོན་ལ་ལོག་ནའང་འགྲིག གང་དུ་བསྡད་ཀྱང་གཅིག་པ་རེད། འཚོ་བ་ཡག་པོ་སྐྱེལ་ཐུབ་ན་འགྲིག་གི་རེད”ཅེས་ཤོད་ཞོར་དུ་ལྷ་མོ་དྲོད་ཁང་དུ་འཛུལ་ནས་ལས་ཀ་བྱེད་འགོ་ཚུགས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།