[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ནོར་བུ་ཆོས་གྲགས་ཀྱིས་བརྗོད་དོན།

    “ཚེ་མཇུག་ལ་ཉེ་འགྲམ་གྱི་དཀའ་ངལ་འཕྲད་པའི་མི་ལ་རོགས་རམ་གང་མང་བྱ་རྒྱུ་ཡིན”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ནོར་བུ་ཆོས་གྲགས་ཀྱིས་རྒྱ་རིགས་སྤུན་ཟླ་ཞིག་ལ་སྐད་གྲགས་མེད་པར་ལོ་8ཙམ་ལྟ་སྐྱོང་བྱས་པའི་བྱས་རྗེས་ལས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་གིས“ཚེ་མཇུག་ལ་ཉེ་འགྲམ་གྱི་དཀའ་ངལ་འཕྲད་པའི་མི་ལ་རོགས་རམ་མང་ཙམ་བྱ་རྒྱུ་ཡིན”ཞེས་པའི་ཕུགས་འདུན་དེ་བསྒྲུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་མཆིས།

    སྐྱེ་ཁུངས་དབུལ་ཕོངས་ཡིན་རུང་འཚར་ལོངས་ཀྱི་ལམ་བུའི་ཐོག་གཅེས་སེམས་ཀྱི་མྱུ་གུ་འབུས་པ།

    ནོར་བུ་ཆོས་གྲགས་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མདའ་ཆེན་ཤང་གེ་གསར་གྲོང་ཚོའི་འབྲོག་པའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། བསམ་ཤེས་ཐུབ་པ་ནས་བཟུང་ཁོང་གིས་ཉིན་ལྟར་ཞོགས་པ་ཕྱི་ལ་ཕྱུགས་འཚོ་བར་འགྲོ་བ་དང་དགོང་མོ་ཕྱུགས་དེད་ནས་ནང་དུ་ལོག་གི་ཡོད།

    ལོ་14ལ་སླེབས་པའི་ལོ་དེར་ནོར་བུ་ཆོས་གྲགས་ཀྱིས་ལམ་ཆས་ཁྱེར་ཏེ་ལས་མི་བྱེད་པར་བསྐྱོད་པའི་དཔུང་ཁག་ནང་ཞུགས་ནས་གྲོང་ཚོའི་མི་རྒན་པ་ཚོ་དང་མཉམ་དུ་འབྲི་རུ་དང་སོག་རྫོང་ནས་ནག་ཆུ་བར་གྱི་ལམ་བཟོ་བར་བསྐྱོད།

    1974ལོའི་ཟླ་10པར་ནོར་བུ་ཆོས་གྲགས་དེ་སྔོན་གྱི་བོད་ལྗོངས་ས་གཤིས་ཅུས་ཀྱིས་ནག་ཆུར་ལས་བཟོ་བསྡུ་བའི་སྐབས་དང་ཏག་ཏག་འཁེལ་ནས་ལས་ཁུངས་དེས་བསྡུས་པ་མ་ཟད། དེ་སྔོན་གྱི་ཆབ་མདོ་ས་ཁུལ་སྤོ་བོ་རྫོང་ས་གཤིས་རུ་ཁག་དང་པོར་ལས་བགོས་བརྒྱབ་ནས་རུ་ཁག་ནང་གི་ལི་ཅང་ཅུན་དང་ཤོན་ཐེན་པའོ་དགེ་རྒན་གཉིས་དང་མཉམ་དུ་ཁ་ལོ་བའི་ལག་རྩལ་སྦྱངས། 1983ལོར་ནོར་བུ་ཆོས་གྲགས་ཐེངས་ཤིག་ཕྱིར་གཞུང་དོན་སྒྲུབ་པར་སྐྱོད་སྐབས་སྟབས་མི་ལེགས་པར་རླངས་འཁོར་གྱི་ལས་འཛོལ་ཐོན་ཏེ་རྐང་པ་གཡོན་མ་རླངས་འཁོར་ཆེ་གྲས་འོག་མནན་ནས་དབང་པོ་སྐྱོན་ཅན་ལ་གྱུར། སྨན་ཁང་དུ་སྡོད་རིང་དགེ་རྒན་གཉིས་ཀྱིས་ཁོང་ལ་རང་ཉིད་ཀྱི་ཕྲུ་གུ་ལྟར་ཟས་གོས་སྡོད་གསུམ་ཐད་སྒེར་སེམས་མེད་པའི་ངང་ལྟ་སྐྱོང་བྱས་སྟབས་མཐར་ཁོང“ཡར་ལངས་ཐུབ་པ”བྱུང་ཡོད། ཁོང་གིས་སྙིང་དབུས་ནས་ཁོང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་དུས་མཚུངས་སེམས་ནང་དྲིན་ཆེན་ཁོང་གཉིས་ལྟར་ཕྱིན་ཆད་ཉེ་འགྲམ་གྱི་དཀའ་ངལ་འཕྲད་པའི་མི་ལ་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད་པ་རེད།

    ལས་དབང་གིས་འཕྲད་པའི་རྒྱ་རིགས་སྤུན་ཟླར་ལོ་བརྒྱད་རིང་ལྟ་སྐྱོང་བྱས་པ།

    རྒན་ཡོལ་ཞུས་རྗེས་ནོར་བུ་ཆོས་གྲགས་བོད་ལྗོངས་ས་གཏེར་ཐིང་གི་ལས་འཁྱུར་ངལ་གསོའི་རྟེན་གཞི་སྟེ་མཐུན་སྒྲིལ་གྲོང་གསར་དུ་གཞིས་ཆགས་པ་དང་འབྲེལ་གྲོང་ལྷན་བཞི་པའི་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་ཡང་འཁུར། གྲོང་ཚོའི་ནང་དུ་སྐོར་གཡེང་ལས་འགན་སྒྲུབ་སྐབས་ཁོང་གིས་ལྷོ་ངོས་ཁུལ་གཉིས་པའི་སྟར་པ་བཞི་པའི་རླངས་འཁོར་འཇོག་ས་གོག་རུལ་ཞིག་གི་ནང་ཀུའེ་ཀྲོའུ་ནས་ལྷ་སར་ལས་མི་བྱེད་པར་ཡོང་བའི་རྒྱ་རིགས་བཟའ་ཚོ་གཉིས་བསྡད་ཡོད་པ་དང་སྐྱེས་པ་དེའི་མིང་ལ་ཡན་ཡུང་ཟེར་ཞིང་ཀླད་པའི་གཅོང་ནད་ཚབས་ཆེན་ཕོག་སྟེ་འགྲོ་བསྐྱོད་བྱེད་ཐབས་བྲལ་ཞིང་། ཡན་ཡུང་གི་ཆུང་མས་ཁོང་དང་བྱིས་པ་གཉིས་ལ་ལྟ་སྐྱོང་བྱེད་པ་མ་ཟད་ཕྱིར་གླ་པར་བསྐྱོད་ནས་ཁྱིམ་ཚང་སྐྱོང་རྒྱུའི་འགན་འཁྲི་ལྕི་པོ་ཡང་ཕྲག་ཐོག་ཏུ་འཁུར་བ་ཤེས་རྟོགས་བྱུང་།

    མི་རིང་བར་ཡན་ཡུང་གི་ཆུང་མས་འཚོ་བའི་འགན་ལྕི་པོ་དེ་འཁུར་མ་ཐུབ་པར་ཕ་བུ་གསུམ་བཞག་ནས་ཁྱིམ་ནས་དོན། གློ་བུར་དུ་འཕྲད་པའི་རྐྱེན་ངན་དེས་ཡན་ཡུང་ག་བྱེད་འདི་བྱེད་མེད་པར་གྱུར་ནས་བུ་རྒན་པ་ཕ་ཡུལ་དུ་ཁོ་པའི་ཨ་མའི་སར་མི་སྐྱེལ་དཀའ་མེད་དུ་གྱུར།

    ཡན་ཡུང་ལ་བོད་ཀྱི་ཐེམ་ཐོ་མེད་པས་རོགས་སྐྱོར་སྲིད་ཇུས་མང་དག་ཅིག་ལོངས་སྤྱོད་བྱེད་ཐབས་བྲལ། བུ་ཆུང་བའི་རྒྱུན་གཏན་འཚོ་བའི་འགྲོ་གྲོན་དང་སློབ་ཡོན་ཕུད་ཟླ་རེར་རང་ཉིད་ལ་སྨན་བཅོས་ཀྱི་འགྲོ་གྲོན་མང་དག་ཅིག་དགོས་སྟབས་སྔོན་ཆད་སྐྱོ་ཙམ་ཡོད་པའི་འཚོ་བ་དེ་བས་དཀའ་ཚེགས་ཆེ་རུ་ཕྱིན། ནོར་བུ་ཆོས་གྲགས་ཀྱིས་དེ་དག་མཐོང་སྐབས་སེམས་ནང་དངངས་འཚབ་ཆེན་པོ་སྐྱེས་ནས་གོང་རིམ་སྡེ་ཚན་ལ་སྙན་སེང་ཞུས་ཞོར་དུ་རོགས་སྐྱོར་སྣ་ཚོགས་རེ་ཞུ་བྱས།

    དུས་ཡུན་ལོ་8ཙམ་རིང་ནོར་བུ་ཆོས་གྲགས་ཀྱིས་སྔ་རྗེས་སུ་ཡན་ཡུང་ལ་རྐུབ་སྟེགས་འཁོར་ལོ་ཅན་གསུམ་བརྩོན་ལེན་བྱས་པ་དང་། ས་གཙང་བདེ་ཐང་ཀུང་སི་ནས་ཉིན་རེར་སྒོར་20རི་བའི་རིན་མེད་ཚལ་ལེན་ཆོག་པའི་རོགས་སྐྱོར་ཐོབ་ཐབས་བྱས་ཤིང་། ཡན་ཡུང་གི་རྒྱུན་གཏན་འཚོ་བར་ལྟ་སྐྱོང་བྱས་པ་མ་ཟད། རང་ཉིད་ཀྱི་རྒན་ཡོལ་ཞུས་པའི་གླ་ཆ་ཕྲན་ཙམ་དེ་ནས་སྔ་རྗེས་སུ་མི་དམངས་ཤོག་སྒོར་ཁྲི་3ཙམ་བཏོན་ནས་ཡན་ཡུང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཡོད།

    བརྩེ་བ་ཟབ་མོས་གྲོགས་པོའི་བུ་མོ་གསོ་རོགས་བྱས་པ།

    “པ་ལགས། ཉེ་ཆར་ཁྱེད་རང་གི་གདོང་གཤིས་ཡག་པོ་མི་འདུག ངེས་པར་དུ་ངལ་གསོ་མང་ཙམ་བསྐྱོན་རོགས”

    “ང་འདི་གར་ཧ་ཅང་ཡག་པོ་ཡོད་པས་སེམས་ཁྲལ་བྱེད་དགོས་མེད། ཁ་སྔོན་བུ་མོ་རང་གིས་བཤད་པའི་མིག་སྲུང་མིག་ཤེལ་དེ་ཉོས་ཟིན་པ་ཡིན། ཕྱི་དྲོ་ཁྱེད་ལ་བསྐུར་ཆོག”

    འདི་ལོ་ལོ་18ལ་སླེབས་པའི་ལྷ་མོ་ཆོས་སྐྱིད་ནོར་བུ་ཆོས་གྲགས་ཀྱི་བུ་མོ་ངོ་མ་མིན་པར་ཚེ་ལས་འདས་པའི་ཁོང་གི་གྲོགས་པོ་ཞིག་གི་བུ་མོ་རེད། ནོར་བུ་ཆོས་གྲགས་ཀྱིས་གྲོགས་པོའི་བུ་མོ་ལོ་བཅུ་གྲངས་ལ་སླེབས་ཀྱང་ཡི་གེ་ན་གཅིག་ཀྱང་མི་ཤེས་པ་ཤེས་རྟོགས་བྱུང་སྐབས་སེམས་ཁྲལ་ཆེན་པོ་བྱུང་བ་དང་འབྲེལ་རང་འགུལ་ངང་ཁོ་མོ་ལྷ་སར་སློབ་སྦྱོང་བྱེད་པར་བསུས་པ་དང་། དུང་དཀར་སྐད་ཡིག་སྲོབ་གྲྭར་ཤེས་བྱ་སྦྱོང་བར་བཏང་བ་མ་ཟད། ཁྱིམ་ཚང་གཅིག་ལྟར་མཉམ་བཟའ་མཉམ་འཐུང་བྱས།

    ལྷ་མོ་ཆོས་སྐྱིད་ཀྱི་པ་ཕ་ནད་གཞིས་རྐྱེན་པས་ཚེ་ལས་འདས་རྗེས་ནོར་བུ་ཆོས་གྲགས་དེ་བས་བློས་མི་བཟོད་པར་བུ་མོ་དེར་ལྟ་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུའི་སེམས་ཐག་བཅད། དེ་ལྟར་ལྷ་མོ་ཆོས་སྐྱིད་ནོར་བུ་ཆོས་གྲགས་ཀྱི་ཁྱིམ་དུ་འཚོ་བ་བསྐྱལ་ནས་ལོ་བཞི་ཙམ་སོང་ཞིང་། ལོ་བཞིའི་རིང་དུང་དཀར་སྐད་ཡིག་སློབ་གྲྭར་སློབ་སྦྱོང་བྱས་པ་ཕུད་ད་དུང་ལོ་གཅིག་ཙམ་གྱི་གློག་ཀླད་ཀྱང་སྦྱངས་ཤིང་། ལོ་བཞིའི་རིང་གི་སློབ་ཡོན་ཆ་ཚང་ནོར་བུ་ཆོས་གྲགས་ཀྱིས་བཏང་བ་རེད།

    ལོ་བཅུའི་རིང་། དྲག་ཆར་རླུང་འཚུབ་དང་། གུང་གསེང་དང་གཟའ་མཇུག་གང་ཡིན་རུང་ནོར་བུ་ཆོས་གྲགས་ཀྱིས་གྲོང་མི་མང་ཚོགས་ལ་དཀའ་ངལ་དངོས་སེལ་བ་དང་ལས་དོན་དངོས་སྒྲུབ་པའི་གོམས་སྟབས་སྤོ་མཚམས་གཏན་ནས་འཇོག་མྱོང་མེད་ལ་མུ་མཐུད་རྒྱུན་འཁྱོངས་བྱ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།