[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བཀྲ་ཤིས་ལྷ་མོ་དང་ཐའོ་ཧྲན་ཧོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་མ་དགའ་མདའ་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡོད་པ་དེའི་ཁྱིམ་འཛིན་མ་ཉེ་འགྲམ་གྱི་དགོན་གཞིས་གྲོང་ཚོ་ནས་ཡིན་པ་དང་མིང་ལ་བཀྲ་ཤིས་ལྷ་མོ་ཟེར། ཁོང་གི་ཁྱོ་ག་ཐའོ་ཧྲན་ཧོ་ནི་སི་ཁྲོན་ནས་རེད། བཀྲ་ཤིས་ལྷ་མོས་ང་ཚོའི་ཁྱིམ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆུང་ངུ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་རྩ་ཆེའི་བརྩེ་དུང་ལ་གཅེས་འཛིན་བྱེད་ཀྱི་ཡོད་ཅེས་བཤད། ཡུལ་མི་སྤུན་མཆེད་ཚོས་ཁོང་ཚོ་ནི་ཕ་ཡུལ་གྱི་མི་དམངས་ལ་དྲོ་སྐྱིད་སྟེར་མཁན་གྱི་བརྩེ་སེམས་ཀྱི་ཕོ་ཉ་ཞིག་རེད་ཅེས་བཤད། བཀྲ་ཤིས་ལྷ་མོ་དང་ཐའོ་ཧྲན་ཧོའི་བརྩེ་དུང་གི་གཏམ་རྒྱུད་དེ་རྣམ་གླིང་རྫོང་དུ་ཀུན་གྱིས་བསྔགས་བརྗོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཆེན་པོ་བརྒྱུད་སྤྲོད་བྱས་ནས་ཕ་ཡུལ་གྱི་མི་དམངས་ལ་དྲོ་སྐྱིད་སྦྱིན་པ།

    2014ལོའི་ཟླ་4པར་ཁོང་གིས་ཁྱོ་ག་བརྒྱུད་ལྷ་སར་གཅེས་སེམས་ཕོ་ཉ་བྱེད་བཞིན་པའི་ཆུང་བདག་ངོ་ཤེས་པ་དང་། ཆུང་བདག་གིས་གཅེས་སེམས་དངོས་ཟོག་རླངས་འཁོར་གང་འཁྱེར་ནས་མ་དགའ་མདའ་གྲོང་ཚོའི་གྲོང་མིར་བགོས། “སྐབས་དེར་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་ཀྱི་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གཅེས་སེམས་མི་སྣས་རིན་པ་མི་དགོས་པར་ངའི་ཕ་ཡུལ་གྱི་མི་དམངས་ཚོར་ཞལ་འདེབས་བརྒྱབ་པ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཀྲ་ཤིས་ལྷ་མོས་བཤད་པ་དང་། ཁོང་གིས་དེ་ནས་བཟུང་ཆུང་བདག་ལྟར་གྱི“གཅེས་སེམས་ཕོ་ཉ”ཞིག་བྱེད་པའི་བསམ་འདུན་བཅངས་པ་ཡིན་ཞེས་བཤད།

    “གཅེས་སེམས་ཕོ་ཉ་གྱིས་ཤིག དེར་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་ཁྱོ་ག་ཐའོ་ཧྲན་ཧོའི་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྟེན་བཀྲ་ཤིས་ལྷ་མོས་ཆུང་བདག་དང་འབྲེལ་བ་བྱས་ནས་ཆུང་བདག་གི་རོགས་རམ་འོག་བཀྲ་ཤིས་ལྷ་མོ་དང་ཨའེ་ཡོན་གཅེས་སེམས་ཀུང་སིའི་སྐུ་ཞབས་ཧྲེན་ལགས་འབྲེལ་གཏུག་ཐུབ་ནས་ཁོང“གཅེས་སེམས་ཕོ་ཉར”གྱུར་བ་རེད། ལས་འགན་གཙོ་བོ་ནི་དྲ་བ་བརྒྱུད་ནང་སའི་གཅེས་སེམས་མི་སྣ་དང་འབྲེལ་བ་བྱས་ཏེ་ཞལ་འདེབས་དངུལ་དངོས་ཀྱི་གནས་ཚུལ་ཁོང་ཚོར་ལན་སློག་རྒྱུ་དེ་རེད།

    དེ་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་མི་སྣའི་ཞལ་འདེབས་དངུལ་དངོས་རྒྱུན་མི་ཆད་པར་རྣམ་གླིང་རྫོང་དུ་འབྱོར་བ་དང་། བཀྲ་ཤིས་ལྷ་མོ་དང་ཐའོ་ཧྲན་ཧོས་དཀའ་ངལ་ཡོད་པའི་མང་ཚོགས་དང་། མི་ཧྲེང་རྒན་རྒོན། ས་གནས་དེ་གའི་སློབ་མ་བཅས་ལ་སྤྲོད་རྒྱུའི་འགན་འཁུར། ལོ་5ཡི་རིང་རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་མི་སྣས་བཀྲ་ཤིས་ལྷ་མོ་བརྒྱུད་རྣམ་གླིང་རྫོང་གི་མང་ཚོགས་ལ་གྱོན་གོས་སྣ་ཚོགས་དང་ཡིག་ཆས་སོགས་དངོས་ཟོག་ཐེངས་100ལྷག་ཙམ་ཞལ་འདེབས་བརྒྱབ་པར་རིན་ཐང་སྒོར་ཁྲི་100ལྷག་ཙམ་ཟིན་པ་དང་། ད་དུང་ཟླ་རེར་མི་ཧྲེང་རྒན་རྒོན་11ལ་འཚོ་བའི་ཁ་གསབ་སྒོར་200དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་40ལ་འཚོ་བའི་ཁ་གསབ་སྒོར་200སྤྲོད་ཀྱི་ཡོད་པ་རེད།

    བཀྲ་ཤིས་ལྷ་མོས་ཕ་ཡུལ་གྱི་མི་ཇི་ཙམ་ལ་རོགས་རམ་བྱས་པ་དྲན་གྱི་མེད། འོན་ཀྱང་ཁོང་གིས་དེ་ནི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་ཤེས་ཀྱི་ཡོད།

    ཁྱིམ་ཚང་ཆུང་ངུར་ལྟ་རྟོག་ཞིབ་ཚགས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།

    མི་རིགས་མཐུན་སྒྲིལ་གྱི་གཅེས་སེམས་ཆེ་མོ་བརྒྱུད་སྤྲོད་བྱས་ནས་ཕ་ཡུལ་གྱི་མི་དམངས་ལ་དྲོ་སྐྱིད་སྦྱིན་པས། བཀྲ་ཤིས་ལྷ་མོ་དང་ཐའོ་ཧྲན་ཧོ་བཟའ་ཚོའི་བརྩེ་དུང་གི་གཏམ་རྒྱུད་དེ་ཀུན་གྱི་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡོད།

    “2007ལོར་ངས་ལྷ་སའི་ཟ་ཁང་ཞིག་ལ་གླ་པ་རྒྱུག་སྐབས་ཁྱོ་ག་ཐའོ་ཧྲན་ཧོ་ངོ་ཤེས་ཏེ་ཕན་ཚུན་ཆ་རྒྱུས་ལོན་ནས་དགའ་རོགས་བསྒྲིགས་པ་དང་། 2009ལོར་གཉེན་སྒྲིག་ལག་ཁྱེར་བླངས་པ་ཡིན། ད་ལྟ་ཕྲུ་གུ་གཉིས་ཡོད”ཅེས་ཁྱོ་ག་དང་ངོ་ཤེས་ཚུལ་གླེང་སྐབས་བཀྲ་ཤིས་ལྷ་མོའི་གདོང་ནས་སྐྱིད་ཉམས་ཤིག་མངོན་བཞིན་འདུག

    ཐའོ་ཧྲན་ཧོས་གསར་འགོད་པར“གཉེན་སྒྲིག་བྱས་རྗེས་ང་ཚོ་ཕ་ཡུལ་སི་ཁྲོན་དུ་ལོག་ནས་ངའི་ཕྲུ་གུ་དང་པོ་དེ་སྐྱེས་པ་ཡིན། འོན་ཀྱང་རྣམ་གླིང་དྲན་པ་མ་ཟད་ལྷག་པར་དུ་བཀྲ་ཤིས་ལྷ་མོས་ཕ་ཡུལ་དུ་ཕ་མ་གཉིས་ལ་ལྟ་རྟོག་བྱེད་འདོད་ཡོད་རྐྱེན་ལོག་ཡོང་བ་ཡིན”ཞེས་བཤད།

    ལོ་ན་གཞོན་པའི་བཟའ་ཚོ་གཉིས་ཀྱིས་དངུལ་བསགས་ནས་ཁྱིམ་ཚང་སྐྱོང་དགོས་ཀྱི་ཡོད། ཐའོ་ཧྲན་ཧོས“ཐོག་མར་ང་གཉིས་ཀྱིས་སོ་སོའི་ཕ་མའི་ས་ནས་སྒོར་5000གཡར་བ་དང་བཀྲ་ཤིས་ལྷ་མོས་མ་དགའ་མདའ་གྲོང་ཚོར་ཇ་ཁང་ཞིག་བཙུགས་པ་དང་། ངས་དངུལ་ལྷག་མ་སྒོར་1000གིས་ཙག་ཙིག་འགའ་ཉོས་ཏེ་གྲོང་ཚོར་སྦག་སྦག་ཉམས་བཟོའི་ཚོང་བརྒྱབ་པ་ཡིན”ཡིན་ནའང་བཀྲ་ཤིས་ལྷ་མོས་ཕྲུ་གུ་ལྟ་དགོས་པར་བརྟེན་ཇ་ཁང་ལོ་གཅིག་གཉེར་རྗེས་སྒོ་མ་བརྒྱབ་ཀ་མེད་བྱུང་། འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཐའོ་ཧྲན་ཧོས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་1གཡར་ཏེ་ཚད་ལྡན་གྱི་སྦག་སྦག་ཉམས་བཟོ་ཁང་ཞིག་བཙུགས་པ་དང་། ཚོང་ཡག་པོ་བྱུང་སྟེ་དངུལ་བུན་ཀྱང་ཚང་མ་སྤྲད་ཟིན། དེས་མ་ཟད་ཁོང་གིས་ད་དུང་ཧ་ཡང་ལྕགས་བསྲེས་མའི་ཚོང་བརྒྱབ་པས་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་འགོ་ཚུགས་ཡོད།

    ད་ཆ་ཁོང་གཉིས་ཀྱི་བུ་ཕུན་ཚོགས་ཡོན་ཏན་ལོ་10ལ་སླེབས་པ་དང་། བུ་མོ་ཐའོ་ཧན་མེ་ཡང་ལོ་5ལ་སླེབས་ཡོད་པ་རེད། ང་ཚོས་ཕྲུ་གུར་མིང་དེ་འདྲ་འདོགས་དོན་གང་ཡིན་པའི་སྐོར་འདྲི་སྐབས་བཀྲ་ཤིས་ལྷ་མོས“ང་ཚོ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡིན་པས་དེ་ལྟར་བཏགས་པ་ཡིན”ཞེས་བརྗོད་པ་དང་། ཐའོ་ཧྲན་ཧོས“ང་ཁོང་ལ་དགའ་པོ་ཡོད་ལ་བོད་ཀྱི་ས་ཆ་སྐྱིད་པོ་དེར་ཡང་དགའ་པོ་ཡོད”ཅེས་བཤད།

    བཅར་འདྲི་མཇུག་འགྲིལ་གྲབས་ཡོད་དུས་ང་ཚོས་ཁོང་བཟའ་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་པའི་མྱོང་ཚོར་འདྲི་སྐབས་ཁོང་གཉིས་པོས་དེར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་ལ་རྟག་ཏུ་དེའི་ནང་ཞུགས་ཀྱི་ཡོད། ཁྱིམ་ཚང་ཆུང་ངུར་ལྟ་རྟོག་བྱས་ན་ཁྱིམ་ཚང་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་བ་དང་། གཅེས་སེམས་ཆེན་པོ་བརྒྱུད་སྤྲོད་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་དེ་ནི་བྱ་སྤྱོད་དངོས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་ལེན་བསྟར་བ་ཞིག་རེད་སྙམ་གྱི་འདུག་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།