[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་ནི་སྲོལ་རྒྱུན་ཡིན།

    —— བོད་དམག་ཁུལ་ཁང་དམག་དོན་ལོ་རྒྱུས་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

    བོད་དམག་ཁུལ་ཁང་དམག་དོན་ལོ་རྒྱུས་ཁང་དུ“ལོ་རྒྱུས་ད་ཆའི་མེ་ལོང་དུ་འཛིན་པ་དང་། གཞི་རྩའི་ཆ་ནས་སྒྱུར་བཅོས། དོགས་གནད་སེལ་བ། སྲིད་ཕན་མི་སྐྱོང”བཅས་ཀྱི་གཟི་བརྗིད་ལས་འགན་ཕྲག་ཏུ་ཁུར་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་། རྒྱལ་ཁབ་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་བཅས་གཞི་གཅིག་ཏུ་བསྒྲིལ་ཏེ་ལོ་རྒྱུས་ཁང་གི་ཕྱོགས་གང་ས་ནས་བོད་སྡོད་དཔུང་སྡེའི་དམག་འཁྲུག་གི་ལོ་ཟླ་དང་དྲག་ཆར་རླུང་འཚུབ་ཀྱི་ལོ་རྒྱུས་ཀྱི་རྣམ་པ་མཐོང་ཐུབ་ལ། ང་ཚོས་གསར་བརྗེའི་ལོ་རྒྱུས་ཤེས་རྟོགས་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན། གསར་བརྗེའི་སྙིང་སྟོབས་དར་སྤེལ་བཅས་གཏོང་བར་གཞི་རྟེན་དང་ལས་སྟེགས་ཤིན་ཏུ་ལེགས་པོ་མཁོ་འདོན་བྱས་ཡོད།

    དམག་དོན་ལོ་རྒྱུས་ཁང་གི་ལས་འཛིན་པ་ལི་ཁྲེན་གིས་ངོ་སྤྲོད་བྱས་པར། དམག་དོན་ལོ་རྒྱུས་ཁང་གི་ཕྱི་རོལ་གྱི་བརྗོད་དོན་གཙོ་བོའི་བརྐོས་བརྙན་ནི་པར་ཡིག་འདྲེས་མའི་བྱ་ཐབས་དང་ཞིབ་ཚགས་ལ་རྩ་ཆེ་བའི་རིག་དངོས་ལོ་རྒྱུས་དཔྱད་གཞི་སྤྱད་དེ། བོད་དམག་ཁུལ་ཁང་གི་ལོ་ངོ་དྲུག་ཅུ་ལྷག་གི་འཕེལ་རྒྱས་ལོ་རྒྱུས་དངོས་དངོས་རྗེན་རྗེན་དུ་མཚོན་པར་བྱས་ཡོད། འདི་ནི་ཏང་དང་མི་དམངས་དཔུང་སྡེས“འཛམ་གླིང་ཡང་རྩེར”བཏོད་པའི་འོད་སྟོང་འབར་བའི་གསར་བརྗེའི་ལོ་རྒྱུས་དང་། ཏང་གི་བཀོད་འདོམས་ཉན་པའི་ལྷག་བསམ་མཚོན་པའི་ལོ་རྒྱུས། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་དམག་འཐབ་ལོ་རྒྱུས། དཀའ་སྤྱད་འབད་བརྩོན་གྱི་ལས་གཏོད་ལོ་རྒྱུས། དམག་དམངས་གཅིག་སེམས་གཅིག་མཐུན་གྱི་མཐུན་སྒྲིལ་ལོ་རྒྱུས། རི་ཀླུང་འགུལ་བའི་དཔའ་བོའི་ལོ་རྒྱུས་བཅས་རེད།

    ལི་ཁྲེན་གིས་ང་ཚོར་སྡོམ་རྩིས་རགས་ཙམ་བརྒྱབ་པར། འདི་ལོའི་ཟླ་6པའི་ཟླ་དཀྱིལ་ནས་ཟླ་7པའི་ཟླ་དཀྱིལ་བར་ཁོ་ནར། བོད་ལྗོངས་དམག་དོན་ལོ་རྒྱུས་ཁང་གིས་ཉིན་རེར་ཆ་སྙོམས་ཚན་པ་དང་ཚོགས་པ་4ཡན་ལ་སྣེ་ལེན་ཞུས་པ་དང་། བསྡོམས་ཚན་པ་200ལྷག་ཙམ་ཟིན་ནས་ལོར་ཆ་སྙོམས་མི་ཐེངས་ཁྲི་4ཡན་ལ་སྣེ་ལེན་ཞུས་ཡོད།

    “དུས་ཡུན་རིང་པོར་བོད་དུ་ལས་ཀ་བྱེད་མཁན་བློ་མཐུན་ཚོ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག དཀའ་ཚེགས་ལ་མི་སྐྲག་པ། རང་འགན་གཙང་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱིས་རང་གི་ལང་ཚོ་དང་ཁྲག་དྲོན་དང་། བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ཏེ་མི་ཡུལ་གྱི་ངོ་མཚར་གཅིག་རྗེས་གཉིས་མཐུད་དུ་བཏོད་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཟུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད”ཅེས་ལི་ཁྲེན་གྱིས་བརྗོད།

    ལི་ཁྲེན་གྱིས“ང་ཚོས་མུ་མཐུད་མི་རིགས་མཐུན་སྒྲིལ་སྐོར་གྱི་ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་དེ་དམག་དོན་ལོ་རྒྱུས་ཁང་གི་ལས་ཀའི་ཕྱོགས་ཡོངས་ལ་ཁྱབ་པ་དང་། རྒྱ་ཆེའི་དཔོན་དམག་གིས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ཀྱི་རྒྱུན་འཛིན་པ་བརྩོན་ལེན་བྱེད་པར་སྐུལ་ལྕག་གཏོང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་ཏང་ལ་དགའ་ཞེན་དང་། ཏང་ལ་ཡིད་ཆེས། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་རྒྱག་པའི་ཐད་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།