[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བཟང་པོ་རག་སྡིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏོན་ཀྲི་ཕུའུ་དང་། ཧོང་ཧོ།ཀྲང་ཅིང་ཕིན། ཝང་ཤིན་ཨོའུ་བཅས་ཀྱིས།    |    སྤེལ་དུས།   2019-10-25

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་མི་42ལ་རྒྱལ་ཁབ་ཀྱི་མཛད་རྗེས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་ཞིང་། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་28ཀྱི་ནང“མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”གྱི་གཟེངས་བསྟོད་ཐོབ་མཁན་འབའ་ཞིག་དེར་ཀུན་གྱིས་དོ་སྣང་ཆེན་པོ་བྱས།

    ཁོང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་ཀྲང་གཞོན་པ་དགུང་ལོ་བརྒྱད་ཅུ་ལྷག་ཙམ་ལ་ཕེབས་པའི་རག་སྡིས་རེད།

    ཞིང་བྲན་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་གྱུར་པའི་བར་དང་། གངས་ལྗོངས་ས་མཐོ་ནས་མེས་རྒྱལ་གྱི་རྒྱལ་སར་ཕེབས་པའི་བར། རག་སྡིས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྙིང་རུས་གཏན་འཁྱོངས། བབ་ཆགས་གཞུང་དྲང་བཅས་ཀྱི་ཀུན་སྤྱོད་བཟང་པོ་རྒྱུན་འཁྱོངས་གནང་ནས་མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། འབད་བརྩོན་ཆེན་པོས་བོད་ལྗོངས་དང་ནང་སའི་དབར་གྱི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུད་སྙན་པོ་རྒྱུན་ཆད་མེད་པར་བརྩམས་ཡོད།

    བློ་དཀར་གཞུང་དྲང་དང་དར་ཆ་གསལ་སྟོན་གྱིས་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་གནང་བ།

    ཟླ་10ཚེས་1ཉིན། རག་སྡིས་གནམ་བདེ་སྒོ་མོའི་ཡང་སྟེང་དུ་ཕེབས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་བྱེད་སྒོར་ཞུགས་ཤིང་། “མི་རིགས་མཐུན་སྒྲིལ”གྱི་མང་ཚོགས་ཁྲོམ་སྐོར་རུ་སྟར་གྲུ་བཞི་བསྐྱོད་པ་གཟིགས་སྐབས། རག་སྡིས་ལ“མི་རིགས་མཐུན་སྒྲིལ་མེད་ཚེ། ཀྲུང་གོ་གསར་པའི་ལོ་ངོ་70ཡི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མེད་པའི”མྱོང་ཚོར་ཟབ་མོ་བྱུང་བ་རེད།

    “བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། དར་ཆ་གསལ་སྟོན་གྱིས་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ”ནི་རག་སྡིས་ཀྱི་ཚེ་གང་གི་དད་སེམས་རེད། 1938ལོར། རག་སྡིས་བོད་བྱང་ཐང་ས་མཐོའི་ཞིང་བྲན་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། བྱིས་དུས་ཀྱི་དྲན་ཤེས་ནང་། ཁོང་ཨ་མ་དང་མཉམ་དུ་གང་སར་ལྟོ་སློང་བར་འགྲོ་མྱོང་ལ། འབྲོག་བདག་དང་སྤྲུལ་སྐུའི་གཡོག་པོ་ཡང་བྱེད་མྱོང་བ་མ་ཟད། དགོན་པར་གྲྭ་པའང་བྱེད་མྱོང་བས། དཀའ་སྡུག་དང་མནར་གཅོད་སྣ་ཚོགས་མྱངས་པ་དང་སྨག་རུམ་མུན་ནག་གི་ཁྲོད་དུ་རྟག་ཏུ་དཀའ་སྡུག་གི་འཚོ་བ་སྐྱེལ་གྱི་ཡོད། ཁོང་གི་རྐང་པ་གཡས་པའི་མཛུབ་ཆུང་སྐབས་དེ་དུས་འཁྱགས་སྦོས་ཐེབས་པས་དུས་ད་ལྟའང་འཁྱོག་ཡོད།

    ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན་ནས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་བྱུང་བས། རག་སྡིས་ཀྱང་མུན་ནག་གི་བོད་རྙིང་པའི་འཚོ་བ་སྐྱེལ་མཇུག་འགྲིལ་ནས་འོད་སྟོང་འཕྲོ་བའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་རེད།

    1959ལོར། ཁོང་པེ་ཅིང་ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་ལ་ཕེབས་པ་དང་ཆབས་ཅིག 1961ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སློབ་གྲྭ་ཐོན་རྗེས། རག་སྡིས་བོད་ལྗོངས་ནག་ཆུ་ས་ཁུལ་དུ་ཕྱིར་ལོག་གནང་ནས་སྤྱི་བདེའི་འཐབ་ཕྱོགས་དང་པོའི་མྱུལ་ཞིབ་པ་དཀྱུས་མ་ཞིག་གནང་། ཇག་ལྷག་འཛིན་བཟུང་གི་དམག་འཐབ་ཅིག་ནང་། ཁོང་གངས་འཁྱགས་ཁྲོད་རྟ་བཞོན་ནས་ཉིན་མཚན་བདུན་ཕེབས་ཏེ་མི་མེད་ལུང་སྟོང་ཁུལ་ནས་ཇག་དཔོན་བཟུང་བས། ཀུན་གྱིས་བསྔགས་བརྗོད་བྱེད་པའི་རྩྭ་ཐང་ཐོག་གི“ཇག་འཇོམས་དཔའ་བོར”གྱུར།

    1987ལོ་ནས་བཟུང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་དང་ངན་སྐུལ་འོག་ཏཱ་ལའི་རུ་ཚོགས་ཀྱིས་བོད་ལྗོངས་ལྷ་སར་ཟིང་ཆའི་དོན་རྐྱེན་རྒྱུན་ཆད་མེད་པར་བསླངས་པ་རེད། སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ཏང་ཨུད་དུ་ལས་ཀ་གཙོ་སྐྱོང་གནང་བཞིན་པའི་རག་སྡིས་རྟག་ཏུ་དོན་རྐྱེན་ཐོན་ཡུལ་དུ་ཕེབས་ནས་བཀོད་འདོམས་གནང་བ་རེད། ཏཱ་ལའི་རུ་ཚོགས་ཀྱི་ཚུར་རྒོལ་མདུན་དུ་ཁོང་གིས་བློ་བརྟན་འགྱུར་མེད་ངང“ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་ན་འགྲིག་གི་མ་རེད། གཏན་ནས་འགྲིག་གི་མ་རེད། ང་ཚོས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས”ཞེས་གསུངས་པ་རེད།

    རག་སྡིས་ཀྱིས་བློ་བརྟན་འགྱུར་མེད་ངང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དེ་འདྲ་གནང་དོན་ནི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་བོད་ལྗོངས་གཞི་ནས་ཡར་རྒྱས་འགྲོ་བ་དང་། བོད་ཀྱི་མི་རིགས་ཁག་གིས་ངེས་པར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཚེ་གཞི་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་ཁོང་གིས་གསལ་པོ་མཁྱེན་གྱི་ཡོད་པས་རེད།

    1988ལོའི་ཟླ་3ཚེས་5ཉིན། ལྷ་སར་ཟིང་ཆ་ཚབས་ཆེན་ལངས་པ་རེད། སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་རག་སྡིས་དང་ཀྲུང་དབྱང་ལས་དོན་ཚོགས་ཆུང་གཙུག་ལག་ཁང་གི་ཐོག་སོ་གསུམ་པར་ལུས་ནས་ཁ་ཕྲལ་པས་མཐའ་བསྐོར་ཏེ་འཇབ་རྒོལ་ཕོག་པ་རེད།

    ཛ་དྲག་ཆེ་བའི་གནས་ཚུལ་འོག་དགོན་པའི་ཕྱི་རོལ་གྱི་དྲག་ཆས་ཉེན་རྟོག་པས་སྒེའུ་ཁུང་ཐོག་མེ་གསོད་རླངས་འཁོར་གྱི་སྐས་འཛེག་བཙུགས་པ་དང་། དེ་ནས་དཔུང་སྡེའི་རྒྱབ་ཁུག་གི་ཐག་པ་སྤྱད་དེ་ཉེན་གྱར་མི་སྣ་བསྐྱབས་པ་རེད། རག་སྡིས་མར་བབ་སྐབས་ཐག་པ་ཆད་ནས་རྡོ་གཅལ་ཐོག་ཤུགས་ཆེན་པོ་བརྡབས་པས་དུས་དེ་ནས་བཟུང་ཁོང་གི་ཕྱག་སྟེང་དུ་རྨ་ཁ་ཞིག་ལུས་ཡོད་ལ། སྐེད་ཚིགས་འཆུས་ནས་ད་ཆའང་དྲག་སྐྱེད་བྱུང་མེད་པ་རེད།

    2002ལོར། རག་སྡིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ཡོ་རོབ་གྲོས་ཚོགས་སུ་འཚམས་འདྲི་གནང་ནས་རང་གི་མཐོང་ཐོས་མྱོང་གྲུབ་ཇི་མ་ཇི་བཞིན་གསུངས་ཏེ་བདེན་ཡོད་སྤོབས་ཆེའི་སྒོ་ནས་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ངོ་སྤྲོད་གནང་བ་དང་། མདུང་རྩེ་ཁ་སྤྲོད་ཀྱི་སྒོ་ནས་གཏམ་འཆལ་སྣ་ཚོགས་ལ་དགག་པ་བསྐྱོན་ནས་དེ་སྔ་ཡོ་རོབ་གྲོས་ཚོགས་སུ་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་དྲིལ་བསྒྲགས་ཁོ་ན་ལས་མེད་པའི་རྣམ་པར་འགྱུར་ལྡོག་བཏང་བར་གཡོ་འགུལ་ཆེན་པོ་དང་ཤུགས་རྐྱེན་གལ་ཆེན་ཐེབས་པ་རེད། ཀྲུང་དབྱང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རག་སྡིས་ལ་བསྔགས་བརྗོད་ཆེན་པོ་གནང་ནས་ད་ཐེངས་ཡོ་རོབ་གྲོས་ཚོགས་སུ་འཚམས་འདྲི་གནང་བ་ནི་ལེགས་གྲུབ་ལྡན་པའི་ཕྱི་འབྲེལ་གྱི་བྱེད་སྒོ་ཞིག་རེད་ཅེས་གསུངས་པ་རེད།

    བོད་ཀྱི་ཟིང་ཆའི་དོན་རྐྱེན་མང་པོ་ཐག་གཅོད་གནང་བ་དང་། མདུང་རྩེ་ཁ་སྤྲོད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་ཐེངས་མང་གནང་མྱོང་བའི་རག་སྡིས་ཀྱིས“བོད་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པར། དང་ཐོག་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས”ཞེས་གསུངས་པ་རེད།

    གཟིགས་རྒྱང་རིང་པོ་དང་ཐབས་བརྒྱ་ཇུས་སྟོང་གིས་བོད་རྒྱ་མི་རིགས་དབར་སྤེལ་རེས་བྱེད་ཟབ་ཏུ་བཏང་བ།

    2006ལོར། མཚོ་བོད་ལྕགས་ལམ་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ཡུན་རིང་མ་སོང་བར། རག་སྡིས་མེ་འཁོར་ལ་བཞུགས་ཏེ་ལྷ་སར་ཕེབས་པ་རེད།

    བོད་ལྗོངས་དང་མེས་རྒྱལ་ནང་ས་སྦྲེལ་མཐུད་ཀྱི་ལྕགས་ལམ་འདི་ཤར་གཏོང་ཐུབ་པ་ནི་རག་སྡིས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ཀྲུང་དབྱང་ལ་ཐབས་འདོན་ཇུས་འགོད་ཐེངས་མང་གནང་བ་དང་ཁ་འབྲལ་ཐབས་མེད།

    2000ལོའི་ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་ཞིག་གི་ཐོག་རག་སྡིས་ཀྱིས་སྐབས་དེ་དུས“ནུབ་རྒྱུད་ཐོན་འབྱེད་ཆེ་མོ་བོད་ལ་ཁྱབ་མེད་པས། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུ་དང་ཀྲུང་དབྱང་གིས་བོད་སྐྱོད་ལྕགས་ལམ་གང་མགྱོགས་བསྐྲུན་རྒྱུའི་རེ་བ་ཞུ་རྒྱུ་ཡིན”ཞེས་པའི་ལྷག་བསམ་ཟོལ་མེད་ཀྱི་སྙིང་གཏམ་གསུངས་པ་རེད།

    ད་ཆ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10ལྷག་ཙམ་སོང་རིང་། མཚོ་བོད་ས་མཐོ་འཕེལ་རྒྱས་མྱུར་པོ་འགྲོ་བའི་མ་ལམ་ཆེན་པོ་ཞིག་ཏུ་གྱུར་ཏེ་བོད་ལྗོངས་དང་མེས་རྒྱལ་ནང་སའི་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད།

    རག་སྡིས་ཀྱིས“བོད་ཀྱི་མི་དམངས་ཀྱིས‘མཁའ་ལམ’ཞེས་འབོད་པའི་མཚོ་བོད་ལྕགས་ལམ་འདི་ནི་མཐུན་སྒྲིལ་གྱི་ལམ་བུ་དང་། ཕྱུག་འགྱུར་གྱི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལམ་བུ་བཅས་ཡིན་ཞེས་བརྗོད་ཀྱི་ཡོད། སྐད་ཆ་འདི་བདེན་པ་རང་རེད”ཅེས་གསུངས་པ་རེད།

    ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། མི་རིགས་ཁག་དབར་སྤེལ་རེས་འགྲོ་འོང་དང་མཉམ་འདྲེས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་སྐྱོར་ལས་དོན་སྤེལ་བ་དེ་ཡང་རག་སྡིས་ཀྱིས་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་མ་འཚོག་གོང་། རག་སྡིས་ཀྱིས་ཀྲུང་དབྱང་ལ་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱ་ཐབས་ལག་ལེན་བསྟར་དགོས་པའི་གྲོས་འགོ་བཏོན་པས་དངོས་གཞིའི་ལམ་ལུགས་ལྟར་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ལྗོངས་འཕེལ་རྒྱས་ལ་ཡུན་རིང་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་ལམ་ཚད་གཏོད་རྒྱུའི་བཀོད་སྒྲིག་བྱས་ཤིང་། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་བྱས་པ་དང་བོད་སྐྱོར་རྣམ་གྲངས་མང་པོར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་སེམས་མཐུན་འབྲེལ་ཟམ་བསྐྲུན་པ་དང་། ད་བར་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་བར་བརྗེ་པོ་བརྒྱབ་ཡོད།

    བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ཕྱག་ལས་གནང་བར་ཕེབས་རྗེས། རག་སྡིས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་དང་མེས་རྒྱལ་ནང་སའི་དབར་གྱི་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་ཇི་ལྟར་གཏོང་བའི་ཐད་བསམ་གཞིག་གནང་གི་ཡོད།

    2004ལོར། རག་སྡིས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་འོག་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དཔལ་འབྱོར་མཁས་ཅན་ལིན་དབྱི་ཧྥུའུ་དང་། འཁྱགས་རོམ་ས་གཤིས་ཁོར་ཡུག་ཞིབ་འཇུག་རིགས་གཅིག་མཁས་ཅན་སུན་ཧུང་ལེ་དང་ཡོན་ཧྲི་ཡའོ་ཐན་ཏུང་སོགས་ཚུད་པའི་རིགས་གཅིག་མཁས་ཅན་རྒྱ་ཁྱབ་ངང་བསྡུ་རུབ་གནང་བ་དང་། ཁོང་ཚོ་རྗེས་སུ་རིམ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཇུས་འདོན་ཚོགས་པ་གལ་ཆེན་ཞིག་ཏུ་གྱུར་ནས་བོད་ལྗོངས་འཕེལ་རྒྱས་ཡོང་ཆེད་ཐབས་འདོན་ཇུས་འགོད་བྱས་ཡོད་ལ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ལ་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་ཡང་བྱས་ཡོད།

    རག་སྡིས་ཀྱིས“བོད་ལྗོངས་དར་རྒྱས་གོང་འཕེལ་བྱུང་བ་དེ་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རོགས་སྐྱོར། ཕྱོགས་བཞི་མཚམས་བརྒྱད་ཀྱི་བློ་གྲོས་བཅས་དང་ཁ་འབྲལ་ཐབས་མེད”ཅེས་གསུངས་པ་རེད།

    སྤྱི་ཡོངས་ལ་ལྟ་རྟོག་གིས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྙན་པོ་ནུས་ཤུགས་ཡོད་རྒུས་བརྩམས་པ།

    “སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ནི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཡུན་རིང་དཀའ་སྤྱད་འབད་འཐབ་ཀྱི་བརྒྱུད་རིམ་ནང་ཕྱོགས་སྡོམ་བྱས་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཡིན་པ་དང་། དེ་ད་ཆ་མི་རབས་ནས་མི་རབས་བར་གྱི་བོད་ལྗོངས་འཛུགས་སྐྲུན་མཁན་གྱི་འགྱུར་མེད་གདམ་ངག་ཅིག་ཏུ་གྱུར་ཡོད།

    “མཐུན་སྒྲིལ་ཁྱད་པར་ཐུབ་པ”ཞེས་པ་ནི་རག་སྡིས་ཀྱིས་སྐབས་དེ་དུས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནང་འཇུག་རྒྱུའི་གྲོས་འགོ་བཏོན་གནང་བ་ཞིག་རེད།

    2001ལོའི་ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཀྲུང་དབྱང་གི་འགོ་ཁྲིད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་བཏོན་གནང་བ་དང་། སྐབས་དེ་དུས་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཡིན་པའི་རག་སྡིས་ཀྱིས་འཕྲལ་མ་ཉིད་དུ“མཐུན་སྒྲིལ་ཁྱད་པར་ཐུབ་པ”ཞེས་པ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནང་འཇུག་རྒྱུའི་གྲོས་འགོ་བཏོན་པ་དེ་ཀྲུང་དབྱང་གིས་དང་ལེན་གནང་བ་རེད།

    རག་སྡིས་ཀྱིས་སྔ་རྗེས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི(ཧྲུའུ་ཅི་ཨང་དང་པོ)དྲུག་གི་ལས་དོན་ལ་གཞོགས་འདེགས་གནང་སྟེ་སྤྱི་ཡོངས་ལ་ལྟ་རྟོག་དང་རང་སྒེར་གྱི་ཐོབ་ཤོར་བསམ་བློ་མི་གཏོང་བར་ཚན་ཁག་གི་མཐུན་སྒྲིལ་དང་འགོ་ཁྲིད་བློ་མཐུན་གཙོ་བོའི་སྙན་གྲགས་ལ་སྲུང་སྐྱོང་ཧུར་ཐག་གནང་ཞིང་། དེའི་དམིགས་ཡུལ་ནི་བོད་ལྗོངས་བརྟན་ལྷིང་དང་འཕེལ་རྒྱས་ཆེད་དུ་རེད།

    ཁོང་གིས“སྤྱི་ཡོངས་ལ་ལྟ་རྟོག་དང་མཐུན་སྒྲིལ་ལ་སྣང་ཆེན་བྱེད་པ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན”ཞེས་རྟག་ཏུ་གསུང་གི་ཡོད།

    བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་ཞིང་། ས་རྒྱ་ཆེ་ལ་མི་ཉུང་བས་འཕེལ་རྒྱས་ཀྱི་ལས་འགན་ལྕི་པོ་ཡོད། བོད་ལྗོངས་འཕེལ་རྒྱས་མྱུར་པོ་ཡོང་ཆེད་ནང་སའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་མང་པོས་དཀའ་ངལ་ཁྱད་བསད་དང་ཕ་ཡུལ་དང་བྲལ་ནས་བོད་སྐྱོར་ལས་དོན་ཧུར་ཐག་སྤེལ་ཡོད།

    ཁྲག་དྲོན་དང་ལང་ཚོ་གངས་ལྗོངས་ས་མཐོར་སྐྱེས་སུ་འབུལ་མཁན“བོད་སྐྱོད་པ་རྒན་གྲས”དེ་དག་ལ་རག་སྡིས་ཀྱིས་དུས་རྟག་ཏུ་བརྩེ་སེམས་ཟབ་མོས་ཐུགས་ཁུར་དང་གཅེས་སྐྱོང་གནང་གི་ཡོད།

    ས་བབ་སྨི་4500ཟིན་པའི་ནག་ཆུ་ས་ཁུལ་དུ་ལས་ཀ་ལོ་20ལྷག་ཙམ་བྱེད་མྱོང་བའི་ལེའོ་ཉིང་དང་ཧྲན་ཤིས་ཀྱི“བོད་སྐྱོད་པ་རྒན་གྲས”གཉིས་ཀྱིས་ཁག་སོ་སོར་རག་སྡིས་ལ་འཕྲིན་ཡིག་བསྐུར་ཏེ་རྒན་ཡོལ་ཞུས་ནས་ནང་སར་ལོག་རྗེས་ཀྱི་འཚོ་བའི་དཀའ་ངལ་ཞུས་པ་རེད།

    འཕྲིན་ཡིག་འབྱོར་རྗེས། རག་སྡིས་ཀྱིས་འཕྲལ་དུ་འབྲེལ་ཡོད་འགོ་ཁྲིད་མི་སྣར་འཕྲིན་ཡིག་སྤྲིངས་ནས་དོན་དངོས་གནས་ཚུལ་གསལ་བཤད་དང་དཀའ་ངལ་སེལ་རོགས་གནང་ཞིང་། རག་སྡིས་ཀྱིས“ཁོང་ཚོས་བོད་ལྗོངས་འཛུགས་སྐྲུན་གྱི་ཆེད་དུ‘ལང་ཚོ་དང་མི་ཚེ་སྐྱེས་སུ་ཕུལ་ཡོད་ལ། བུ་ཚའང་སྐྱེས་སུ་ཕུལ་ཡོད་པ’དང་། ཁོང་ཚོ་ནི་རྒྱལ་ཁབ་དང་བོད་ལྗོངས་ལ་བྱས་རྗེས་འཇོག་མཁན་མི་སྣ་ཡིན་ཞེས་བརྗོད་ཆོག་པས་བོད་ཀྱི་མི་དམངས་ཀྱིས་ཁོང་ཚོ་བརྗེད་མི་སྲིད། ཁོང་ཚོར་དཀའ་ངལ་འཕྲད་ཚེ། ང་ཚོར་རོགས་རམ་བྱེད་པའི་འགན་འཁྲི་ཡོད”ཅེས་གསུངས་པ་རེད།

    རག་སྡིས་ཀྱི་གྲོགས་མཆོག་ནང་རྒྱ་རིགས་བློ་མཐུན་མང་པོ་ཡོད་ཅིང་། ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་གནང་སྐབས། རྒྱ་ཡིག་དགེ་རྒན་ཀྲུའུ་ཧྲུའུ་ཀྲིས་ཁོང་ལ་རྒྱ་སྐད་སྒྲ་དག་པོ་རྒྱག་སྟངས་བསླབས་པ་སོགས་དུས་ད་ལྟའང་ཁོང་གི་ཐུགས་ལ་གསལ་པོར་ངེས་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཡར་ཐོན་གྱི་རྨང་རྡོ་རེད་ཅེས་ནན་བཤད་གནང་ཡོད། བོད་ལྗོངས་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོ་གནང་མཁན་དང་། དེའི་ནང་ཞུགས་མཁན། སྐུལ་འདེད་གཏོང་མཁན་བཅས་ཡིན་པའི་རག་སྡིས་ཀྱིས“མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་ཡོང་བའི་འགན་ལེན་གལ་ཆེན་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན”ཞེས་གསུངས་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་22ཉིན་འབྱོར་བའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།