[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

    ​ —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-10-25

    སྟོབས་ཤུགས་རླབས་ཆེ་ཤོས་ནི་སེམས་ཤུགས་གཅིག་སྒྲིལ་དང་། རྨང་རྡོ་བརྟན་ཤོས་ནི་མཐུན་སྒྲིལ་བརྟན་ལྷིང་རེད།

    “ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས”“མི་རིགས་ཁག་གིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་གསར་པ་མཉམ་སྤྱོད་བྱེད་དགོས”ཞེས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔའི་རང་རྒྱལ་གྱི་མི་རིགས་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གནང་ནས་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤྱིའི་བླང་བྱ་དང་ལས་ཀའི་གཙོ་གནད་གསལ་སྟོན་གནང་སྟེ་མི་རིགས་ཁག་གིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཐོག་དུས་བབ་གསར་པའི་མི་རིགས་ལས་དོན་ལེགས་པར་སྒྲུབ་པ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད།

    མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བརྟན་དུ་དང་གོང་འཕེལ་གཏོང་བ་བཅས་བྱས་ནས། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་བཅས་རེད། དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་མི་རིགས་ལས་དོན་ལེགས་པར་བསྒྲུབས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བརྗོད་བྱར་ལན་ཡག་པོ་རྒྱག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་བྱེད་པ། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ། གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་སེའུ་འབྲུའི་གོང་བུ་བཞིན་མཐུན་སྒྲིལ་དམ་ཟབ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་སྤུན་ཉེ་ལྟར་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་བརྟན་དུ་གཏོང་དགོས།

    ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནི་ཀྲུང་ཧྭའི་མི་རིགས་ཁག་རྒྱུན་ཆད་མེད་པར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཤིག་རེད། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བརྒྱུད་རིམ་ནང་བོད་ལྗོངས་ཀྲུང་ཧྭའི་ཤེས་དཔལ་ཡར་ཐོན་གྱི་རླབས་རྒྱུན་ནང་མཉམ་འདྲེས་ཐུབ་ནས་མདུན་ཕྱོགས་སུ་ཡར་འཕེལ་ཆེན་པོ་བྱུང་བ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་ཐར་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་དུ་བསྐྱོད་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་དང་། ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ལ་མི་རིགས་ཁག་འབྲེལ་བ་དམ་ཟབ་ཐུབ་ཚད་སྔར་ན་མེད་པ་བྱུང་བ་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་ཚད་སྔར་ན་མེད་པ་བྱུང་ཡོད། དེས་ན། ང་ཚོས་དུས་བབ་གསར་པ་དང་བསྟུན་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔལ་འབྱོར་གྱི་རྨང་གཞི་དང་། ཆབ་སྲིད་ཀྱི་རྨང་གཞི། བསམ་བློའི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འགལ་རྐྱེན་མཐའ་དག་སེལ་བ་བཅས་བྱས་ཏེ་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་རབ་ཏུ་བཞད་པར་བྱེད་དགོས།

    མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི། མི་སེམས་གཅིག་སྒྲིལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པར་ཐུག་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་ཡུན་རིང་གཏིང་ཟབ་སྤེལ་ཏེ། བྱེད་ཐབས་གཞི་རྟེན་གསར་གཏོད་ཀྱིས་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། སློབ་གྲྭ ལེན་ཏུའེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཁྱབ་གདལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་དང་སྤྱི་ཚོགས་སེམས་ཁམས་དབར་གྱི་འཚམ་པའི་གནས་དང་། མི་རིགས་བརྩེ་སེམས་དབར་གྱི་མཐུན་པའི་གནས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དབར་གྱི་འབྲེལ་མཐུད་གནས་བཅས་སྔར་བས་གནད་ལ་འཁེལ་བའི་ངང་འཚོལ་བ། ཡིད་དབང་འཕྲོག་ཤུགས་དང་སེམས་འགུལ་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་ཀུན་གྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཁན་དང་། སྐུལ་འདེད་མཁན། མིག་དཔེ་མཁན་བཅས་བརྩོན་ལེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་འཇགས་པར་བྱེད་དགོས།

    ང་ཚོས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སེམས་རྩ་འཁོལ་པོས་སྐུལ་ལྕག་བྱས་ནས་མི་རིགས་ཁག་སྤུན་ཉེ་ལྟར་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ནང་སའི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕན་ཚུན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ལྗོངས་ནང་ཁུལ་གྱི་མང་ཚོགས་ནང་སར་ལས་ཞུགས་བྱེད་པར་སྐྱོད་པ་དང་ནང་སའི་མང་ཚོགས་རང་ལྗོངས་སུ་ལས་ཀ་དང་འཚོ་བ་སྐྱེལ་བར་སྐུལ་ལྕག་བྱེད་པ། མི་རིགས་ཁག་གི་སློབ་མ་སློབ་གྲྭ་དང་འཛིན་གྲྭ་གཅིག་ནང་སློབ་སྦྱོང་དང་མི་རིགས་ཁག་གི་མང་ཚོགས་མཉམ་དུ་ལས་གཏོད་ལ་སྐུལ་ལྕག་བྱེད་པ། བོད་རྒྱ་སྐད་ཡིག་གཉིས་ཕན་ཚུན་སློབ་སྦྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་སྐྲུན་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་གྲོགས་པོ་བློས་ཐུབ་སྒྲིག་ཐུབ་པ་དང་། ཁྱིམ་མཚེས་བཟང་པོ་བྱེད་ཐུབ་པ། གཉེན་སྒྲིག་ཡག་པོ་བྱེད་ཐུབ་པ་བཅས་བྱེད་དགོས།

    “དོན་དག་ཡག་པོ་སྒྲུབ་པ་འཆམ་མཐུན་ལ་ཐུག་པ་དང་། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་ཡིན”མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་དོན་ཞིབ་ཚགས་དང་། གཏིང་ཟབ། ཏན་ཏིག་བཅས་བསྒྲུབས་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་སེམས་པ་ཕྱོགས་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཚེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ངེས་ཡིན་ལ། ང་ཚོས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་དེ་བས་ལེགས་པར་སྲུང་སྐྱོང་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།