[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག

    ལོ་ལྔའི་རིང་བོད་ཀྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བའི་སྐོར་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-28

    ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྨྱན་སྦྱོར་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཡིན་ཡང་ཏང་ནན་པོས་སྐྱོང་རྒྱུ་དང་རུལ་རྒོལ་གཙང་སྤེལ་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བོད་དུ་གསོ་རླུང་དཀོན་པ་དང་རླུང་གནོན་དམའ་ཡང《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལག་བསྟར་གྱི་འདུ་ཤེས་བརྟན་པོ་འཛུགས་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་ཚད་གཞི་དམའ་རུ་མི་གཏོང་བ་བཅས་ཀྱི་སྒོ་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྟ་ཞིབ་ཐིང་གི་ཐིང་ཀྲང་། རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ལྷག་པ་ཚེ་རིང་གིས་ལོ་ལྔའི་རིང་རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏོང་རྒྱུར་ལྟ་སྐུལ་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པར་སློབ་གསོ་གཏོང་བའི་སྤྱིའི་འཆར་འགོད་ནང་བཅུག་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་སྣེ་ཁྲིད་དེ་ཡིན་མིན་ཆེན་པོའི་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ཡོང་བ་བྱས་ནས་ཆབ་སྲིད་ཐད་ཀྱི་ཧ་གོ་དོན་རྟོགས་ཅན་དུ་གྱུར་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་གཏོང་རྒྱུ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    རྩ་འཛུགས་དང་ལམ་ལུགས་གསར་གཏོད་དང་། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་འཕྲལ་མ་ཉིད་དུ་སྒྱུར་བཅོས་ཀྱི་ལམ་རིས་དང་དུས་ཚོད་རེའུ་མིག་གཏན་འཁེལ་ཁ་གསལ་བྱས་པ་དང་། “འགན་འཁྲི་གཉིས”དོན་འཁྱོལ་དང་། “གཙོར་བཟུང་གཉིས”མཐའ་འཁྱོངས། “ཁྱོན་ཡོངས་ལ་ཁྱབ་རྒྱུ་གཉིས”མངོན་འགྱུར་བཅས་ཡོང་བར་དམིགས་ཏེ་སྒྲིག་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་ལག་བསྟར་ཇུས་གཞི་དང་ལོ་འཁོར་གྱི་སྒྱུར་བཅོས་གཙོ་གནད་ཚན་རིག་དང་མཐུན་པའི་ངང་བཟོས་ཡོད། སྒྱུར་བཅོས་ལ་གྲུབ་འབྲས་ཁག་116ཐོན་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་སྤྱིར་ལེགས་གྲུབ་བྱུང་ཡོད། སྔ་རྗེས་སུ་སྒྱུར་བཅོས་རེས་སྐོར་ཐེངས་གཉིས་བྱས་ཏེ་རང་སྐྱོང་ལྗོངས་སྒྲིག་བཤེར་གྱི་མངགས་གཏོང་བཅའ་སྡོད་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་མངགས་གཏོང་བཅའ་སྡོད་སྒྲིག་གཞི་32བཙུགས་པ་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ཏང་སྲིད་ལས་ཁུངས་94ཡི་མངགས་གཏོང་བཅའ་སྡོད་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ། གཞི་རིམ་སྒྲིག་བཤེར་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་བས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་སྒྲིག་ཨུད་ཀྱི་ལྟ་ཞིབ་སྒྲིག་ཁྲིམས་ལག་བསྟར་སྒྲིག་གཞི་དེ་17ནས་217བར་མང་དུ་ཕྱིན་པ་དང་མི་གྲངས་370ནས་975བར་མང་དུ་ཕྱིན་ཡོད། ཤང་གྲོང་རྡལ(ཁྲོམ་གཞུང)696ལ་སྒྲིག་ཨུད་ལོགས་སུ་བཙུགས་ནས་སྒོ་བྱང་བཀལ་བས་མི་གྲངས་162ནས་2200བར་མང་དུ་ཕྱིན་ཡོད་པ་རེད།

    ལྷག་པ་ཚེ་རིང་གིས་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས“སྟག་སྦྲང”མཉམ་རྡུང་བྱས་པ་དང་། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“བྱ་ཐབས་ཁག་བཞི”ནུས་ལྡན་ངང་སྤྱད་དེ་ཆབ་སྲིད་ཁོར་ཡུག་གི“སྦགས་བཙོག་འབྱུང་ཁུངས”མཐའ་གཅིག་ཏུ་མེད་པར་བཟོས་ཡོད། 2015ལོ་ནས་ད་བར་རང་ལྗོངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“བྱ་ཐབས་ཁག་བཞི”སྤྱད་དེ་ཁྱོན་མི་ཐེངས་4272ལ་ཐག་གཅོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུ་ཁག་6870དང་ལེན་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་6006ཐག་གཅོད་བྱས་པ། གྱོད་ཐོ་2094བཀོད་པ། མི་གྲངས་2357ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། མི་གྲངས་99ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ། དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་4.67མི་ཕོག་པ་བྱས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།