[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྱོར་འབྲིང་ལམ་དུ་ང་ཚོ་དཔུང་པ་མཉམ་གཤིབ་ཀྱིས་བསྐྱོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-14

    རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེས“ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད། དེ་ནི་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་མངོན་ཚུལ་དང་། ལག་ལེན་གཏིང་ཟབ། བྱེད་ཐབས་གལ་ཆེན་བཅས་རེད།

    ལོ་གཅིག་ལྷག་ཙམ་རིང་གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་གཞིས་རྩེའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤྱི་ཡོངས་ཁྲོད་བཞག་ནས་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། ཕྱོགས་མཚུངས་ལག་བསྟར་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་དམ་པོར་བརྟེན་པ། གཞི་ཚུགས་ས་དེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཐོག་བཞག་པ་བཅས་བྱས་པར་བརྟེན་གཞིས་རྩེ་འདི་ཉིད་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། ད་ཆ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལམ་བུའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་འགྲོ་བཞིན་ཡོད།

    “ཁ་ལོ་སྒྱུར་བྱད”ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་སྟངས་འཛིན་ནན་པོ་བྱས་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ཐུགས་ཁུར་གནང་སྟེ་བོད་ཀྱི་ལས་དོན་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་བཞག་ནས་རང་རེའི་ཏང་གིས་བོད་སྐྱོང་མཛད་ཇུས་ཀྱི་དུས་རབས་གསར་པ་བཏོད་ཡོད།

    2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་གནང་བ་དང་འབྲེལ“2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“ངེས་པར་དུ་དྲུག”གི་བོད་སྐྱོང་མཛད་ཇུས་བཏོན་པ་དང་འབྲེལ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་གཏན་འཁེལ་གནང་བ་མ་ཟད། “བློ་བརྟན་འགྱུར་མེད་བཞི”དང“འགན་ལེན་བཞིའི”མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་གཏན་འཁེལ་གནང་ཡོད། ལོ་འདིའི་ཟླ་དགུ་པར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད།

    2017ལོའི་ཟླ་བརྒྱད་པར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པ་ལྷ་སར་སྤེལ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་གློག་འཕྲིན་བཏང་ནས“འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་ཕུལ་ཏེ་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ལོ་འདིའི་ཟླ་བཅུ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ཏེ“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན་ཁྱིམ་ཚང་ཡོངས་ཀྱི་དུས་བདེ་མེད། མེས་རྒྱལ་མཐའ་མཚམས་ཁུལ་གྱི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོས་སྲུང་སྐྱོང་ཡག་པོ་བྱེད་དགོས། རེ་བར་ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་གྱིས་འབྲོག་པ་མང་ཚོགས་སྔར་བས་མང་བའི་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆའི་བརྟན་སྲུང་པ་དང་བདེ་སྐྱིད་ཁྱིམ་གཞིས་ཀྱི་འཛུགས་སྐྲུན་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་ལ་སྐུལ་ལྕག་གཏོང་བའི་སྟོབས་དང་ལྡན་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“འདུ་ཤེས་བཞིར”ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་མེ་ཏོག་ཇོ་རིའི་ས་གཞི་ཆེ་མོའི་ཐོག་བཞད་ནས་འབྲས་བུ་སྨིན་ཐུབ་པ་བྱས་ཡོད། 2017ལོར་གཞིས་རྩེ་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30345དང་སྒོར་9518སོ་སོར་ཟིན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་ཡོད།

    “སྣུམ་སྣོན་ས་ཚིགས”ཏེ་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་དམ་པོར་བརྟེན་པ།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་ནི་རང་རེའི་ཏང་གི་བརྗིད་ཆེའི་དམ་བཅའ་ཡིན”ཞེས་བསྟན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་སྣེ་ཁྲིད་དེ་མཐར་མཉམ་དུ་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ཡིན།

    འབྱོར་འབྲིང་ལམ་བུའི་ཐོག་ང་ཚོ་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད། ཁ་གཏད་བོད་སྐྱོར་དེ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་སྣེ་འདྲེན་དང་ཐབས་ལམ་གལ་ཆེན་དུ་གྱུར་ཡོད་ལ། གཞིས་རྩེ་གྲོང་ཁྱེར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི“སྣུམ་སྣོན་ས་ཚིགས”ཤིག་ཀྱང་རེད།

    ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ཡིན་པའི་ཧེ་ལུང་ཅང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཚོས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གཞིས་རྩེའི་ཞིང་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

    ཞོག་ཁོག་གི་སོན་བཟང་ནང་འདྲེན་བྱས་པར་བརྟེན་མུའུ་རེའི་ཐོན་ཚད་སྤྱི་རྒྱ་1500ནས་སྤྱི་རྒྱ་4000ལྷག་ཙམ་འཕར་ནས་གཞིས་རྩེའི་ཞིང་ལས་ཐོན་རྫས་རིན་ཐང་འཕར་བ་དང་། གཞིས་རྩེའི་ཞིང་ཞོར་ཐོན་ཟོག་ཉོ་ཚོང་ལྟེ་གནས་དང་དྲ་ཐོག་ཉོ་ཚོང་ལས་སྟེགས་བསྐྲུན་ནས་བོད་ཀྱི་ཞིང་ཞོར་ཐོན་ཟོག་ནང་ས་དང་སྦྲེལ་མཐུད་བྱས་པ། བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་བཅས་མྱང་ཆུ་གཙང་པོའི་རྒྱུག་ཁུལ་ལྟེ་བར་བྱས་པའི་ཐོན་ཁུལ་དུ་སྐྱེ་ལྡན་ནས་ཀྱི་རྟེན་གཞི་བསྐྲུན་པ། གམ་པ་རྫོང་ལྟེ་བར་བྱས་པའི་ཐོན་ཁུལ་དང་ལོར་ལུག་ཁྲི་14བཤས་ཐུབ་པའི“གམ་པའི་ལུག་གི་དཔལ་འབྱོར་ར་བ”འཐུས་སྒོ་ཚང་དུ་དང་རྒྱ་ཆེར་བཏང་བར་བརྟེན་ཡོང་འབབ་སྒོར་དུང་ཕྱུར་དགུ་ཙམ་བྱུང་ཡོད།

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། ཧྲང་ཧའེ་གྲོང་ཁྱེར་གྱིས་རང་ཉིད་ཀྱི་སྔོན་ཐོན་སྨན་བཅོས་ལག་རྩལ་ཆུ་ཚད་ལ་བརྟེན་ནས་སྔ་རྗེས་སུ་གཞིས་རྩེར་སྨན་བཅོས་ཤེས་ལྡན་མི་སྣ་62གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཏང་ཡོད།

    ལོ་གཅིག་ལྷག་ཙམ་རིང་། “ཀ་པ་རིམ་པའི་སྨན་ཁང”གཏོད་རྒྱུ་གཞི་རྟེན་དུ་བྱས་ནས་སྨན་ཁང་གི་འཛུགས་སྐྲུན་ཧྲིལ་པོ་མངོན་པར་བྱས་ཤིང་། ཁོའོ་ཧྲི་39ནས་ཁོའོ་ཧྲི་50བར་མང་དུ་བཏང་བ་དང་བོད་ཀྱི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་ལ་དམིགས་ནས་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་གསར་པ296བཏོད་པའི་ནང་ལག་རྩལ་གསར་པ་31གིས་རང་སྐྱོང་ལྗོངས་ཀྱི་སྟོང་ཆ་གསབ་ཡོད།

    ཕུལ་བྱུང་གི་བོད་སྐྱོར་རུ་ཁག་འབོར་ཆེན་ཡོད་པས་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་ལམ་བུའི་ཐོག་སྒུལ་ཤུགས་ཤིག་བསྣན་ཐུབ་པ་བྱུང་ཡོད།

    “སྒུལ་བྱེད་འཕྲུལ་འཁོར”ཏེ་མང་ཚོགས་ཀྱི་རང་སྟོབས་ནུས་པ་འདོན་སྤེལ་གང་ལེགས་བྱུང་བ།

    མང་ཚོགས་རང་ངོས་ཀྱི་རང་སྟོབས་ནུས་པ་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ལམ་བུར་བསྐྱོད་རྒྱུ་དེ་ནི་གཞིས་རྩེ་གྲོང་ཁྱེར་ཡུན་རིང་འཕེལ་རྒྱས་ཡོང་བའི་གཞི་ཚུགས་ས་ཞིག་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ངལ་རྩོལ་ཕྱུག་འགྱུར་གྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱ་ཆེད་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་འདི་དམ་འཛིན་བྱ་གཞི་དང་དབུལ་སྒྲོལ་གསར་སྤེལ་རྣམ་གྲངས་ལས་སྟེགས་སུ་བྱས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཡོད།

    དབུལ་སྐྱོར་ལས་དོན་ཚོགས་ཆུང་120གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་དང་། ཏང་ཡོན་ལས་བྱེད་པས“གཅིག་གཏད་གཅིག”གི་ཆ་སྒྲིག “འབྲེལ་གསུམ་སྐུལ་གསུམ”གྱི་དུད་སྦྲེལ་དབུལ་སྐྱོར་བྱེད་ཐབས། ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ། དབུལ་སྐྱོར་དཔེ་སྟོན་གླིང་གཏོད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་ནས་མང་ཚོགས་ཕྱུག་འགྱུར་གྱི་རང་འགུལ་རང་བཞིན་སྐོང་འཐེན་བྱས་པ་རེད།

    ཁོང་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་མོད། འོན་ཀྱང་དཔའ་ངར་ཞུམ་མེད་ཀྱི་སྙིང་རུས་ལ་བརྟེན་ནས་རང་ཉིད་ཀྱི་བྱ་གཞག་བཏོད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། གླ་པ་བྱས་པ་ནས་ཁྱིམ་ཚང་འགྲུལ་ཁང་གཉེར་བའི་བར་ཁོང་གིས་དཀའ་ལས་མང་པོ་བརྒྱབ་ནས་བྱ་གཞག་གཏོད་འགོ་ཚུགས་ཡོད། ཕྱིས་སུ་རྫོང་གི་གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཁོང་གིས་སྦག་སྦག་ཆེད་ཚོང་ཁང་དང་། ཉམས་བཟོ་ཁང་བཙུགས་པ། མོར་འབྲིང་སྐྱེལ་འདྲེན། མི་རིགས་ཀྱི་གྱོན་ཆས་འཚེམ་པ། ཇོ་རིའི་གེ་སར་ལྷ་ཁང་ཡུལ་སྐོར་དྲན་རྟེན་བྲིན་ཚོང་ཁང་བཙུགས་པ་བཅས་བྱས་ཡོད།

    སྙིང་རུས་ཅན་ཁོང་གི་མཚན་ལ་བསྟན་འཛིན་དངོས་གྲུབ་ཟེར་ཞིང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཡིན་པ་དང་རང་ཉིད་དབང་པོ་སྐྱོན་ཅན་ཞིག་ཡིན་སྙམ་ནས་ཡིད་མུག་ནས་མ་བསྡད་པར་དེ་ལས་ལྡོག་སྟེ་དཀའ་སྤྱད་འབད་བརྩོན་བྱས་ནས་འོད་ཟེར་ལྡན་པའི་མི་ཚེའི་འགྲོ་ལམ་ཞིག་བཏོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།