[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གློག་ཤུགས་དབུལ་སྐྱོར་གྱིས་འོད་སྣང་གི་ལམ་བུ་བཏིང་བ།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཡུལ་གཞན་དུ་གནས་སྤོས་བྱེད་མཁན་ལ་གློག་ཤར་གཏོང་ཐུབ་པ་བྱས་པའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2018-01-14

    “རྒྱལ་ཁབ་གློག་དྲ་བོད་ལྗོངས་ཀུང་སིས་དཀའ་ངལ་ཁྱད་བསད་བྱས་ཏེ། མི་འབོར་དབུལ་པོ་གནས་སྤོ་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ཆེད་འབད་འཐབ་བྱེད་པའི་སྙིང་སྟོབས་ནི་ཁས་ལེན་བྱེད་འོས་པ་ཞིག་ཡིན་པས། མུ་མཐུད་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད”ཅེས་པའི་སྐད་ཆ་དེ་ནི་2017ལོའི་ཟླ་6པར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཡངས་པ་ཅན་གྱི་གནད་སྨིན་དབུལ་སྐྱོར་གྱི་གྲུམ་པའི་ནད་ཕོག་པའི་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་ཚང་བའི་གློག་གཏོང་ལས་ཀ་ལེགས་གྲུབ་ཚར་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་ཞིག་རེད།

    དགུན་དུས་ཀྱི་བྱང་ཐང་དུ་གྲང་རླུང་གིས་རུས་པར་ཟུག་རྒྱག་གི་ཡོད་ནའང་། ཡངས་པ་ཅན་གྱི་གནད་སྨིན་དབུལ་སྐྱོར་གྱི་གྲུམ་པའི་ནད་ཕོག་པའི་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་གཙང་ཞིང་གྲལ་སྟར་འགྲིག་ལ་ཁོད་སྙོམས་པའི་ཨར་འདམ་ལམ་བུ་བཟོ་དབྱིབས་མཛེས་པའི་བོད་བཟོའི་ཁང་པ་རེ་རེའི་སྒོ་འགྲམ་བར་བཏིང་ཡོད་ཅིང་། ནག་ཆུ་དང་ཆབ་མདོ་སོགས་ས་ཁུལ་གྱི་དུད་ཚང་དབུལ་པོ་150འདི་གར་སྤོས་ནས་ཟླ་4ལྷག་ཙམ་སོང་ཟིན་ཡོད་པ་རེད།

    “སྔོན་མ་མཚོ་གཉིས་རྫོང་གི་ཐག་རིང་ལུང་ཁུག་ཏུ་སྡོད་སྐབས་འགྲིམ་འགྲུལ་སྟབས་བདེ་མེད་ལ། ཆ་རྐྱེན་ཡང་སྐྱོ་པོ་ཡོད་པ་དང་། ཉི་གློག་གིས་ཉིན་ལྟར་གློག་ཆུ་ཚོད་2ནས་3བར་ལས་འཁྱོལ་གྱི་མེད་པས། གོས་འཁྲུའི་འཕྲུལ་འཁོར་དང་འཁྱག་སྒམ་སོགས་གློག་ཆས་སྤྱོད་རྒྱུ་སྤྲོས་བྲལ་རེད། ད་ཆ་གནས་སྤོ་བྱས་རྗེས་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། ཆུ་ཚོད་24གློག་ཆད་ཀྱི་མེད་པ་མ་ཟད། ད་དུང་ང་ཚོར་ཉལ་ཁྲི་དང་། ཆ་སྒམ། བརྙན་འཕྲིན། ཆུ་སྐོལ་ཆས། ཐབ་སོགས་སྤྲད་པས། ང་ཚོའི་འཚོ་བར་སྐྱིད་པའི་ཉི་མ་ཤར་སོང”ཞེས་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་གི་གྲོང་ཚོའི་སྨན་པ་ཚེ་རྡོར་གྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད། ཐེངས་ཤིག་ཁོང་གཤམ་དུ་སྨན་བཅོས་བྱེད་པར་བསྐྱོད་སྐབས་འཁོར་འཛོལ་ཐོན་ནས་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་ཁོང་གི་བཟའ་ཟླའང་དབང་པོ་སྐྱོན་ཅན་ཡིན་པ་རེད།

    “ཆ་རྐྱེན་ཡག་ཏུ་ཕྱིན་སོང་ལ། ཕྲུ་གུ་སློབ་གྲྭར་འགྲོ་རྒྱུ་ཡང་སྟབས་བདེ་རུ་ཕྱིན་སོང་། དེས་མ་ཟད་ཆུ་དང་། གློག ལམ་བཅས་ཀྱང་ཧ་ཅང་སྟབས་བདེ་པོ་འདུག ཁག་ཐེངས་དང་པོར་སྤོས་ཡོང་བའི་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་གི་དུད་ཚང་དབུལ་པོ་33ཁྲོད་ནས་དུད་ཁྱིམ་གཅིག་གིས་གློག་བརྟན་པོ་དེ་འདྲ་ཡོད་པ་མཐོང་སྐབས་དེ་གར་སྤོས་པའི་ཉིན་གསུམ་པ་དེར་ཇ་ཁང་ཞིག་བཙུགས་ཏེ་ཇ་སྲུབ་མ་དང་ཞོག་ཁོག་བསྲེག་མ་བཙོངས་པ་མ་ཟད། ད་དུང་རང་ཉིད་ཀྱིས་ཀྲིང་མོག་བཟོས་ནས་བཙོངས་པར། ཆ་སྙོམས་ཉིན་རེར་ཡོང་འབབ་སྒོར་200ཡོང་གི་ཡོད”ཅེས་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲོན་ཡོན་རྡོ་རྗེས་དེ་ལྟར་བཤད།

    འདམ་གཞུང་རྫོང་ནི་ཆ་སྙོམས་ས་བབ་སྨི་4000ཡན་དུ་གནས་པ་དང་། ཡངས་པ་ཅན་གྱི་གཅིག་སྡུད་གནས་སྤོ་བྱ་ཡུལ་གྱི་དུས་ཐེངས་དང་པོའི་གློག་གཏོང་ལས་གྲྭའི་འཛུགས་སྐྲུན་དུས་ཡུན་ཐུང་བ་དང་། དུས་ཚོད་ཛ་དྲག་པ། ལས་འགན་ལྕི་བ་བཅས་ཡོད་པས། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་གཏོང་ཀུང་སིས་རྒྱལ་ཁབ་གློག་དྲ་ཅང་སུའུ་ཞིང་ཆེན་གློག་ཤུགས་ཀུང་སི་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། དངོས་རྫས་ཁ་ཐང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཐུབ་པ་དང་ཉིན་18བསྟུད་མར་འབད་འཐབ་བྱས་པ་བརྒྱུད་གནས་སྤོ་བྱ་ཡུལ་གྱི་གློག་གཏོང་ལས་གྲྭ་ལས་གློག་བདེ་བླག་ངང་གཏོང་ཐུབ་པའི་འགན་ལེན་ཐུབ་ཡོད།

    སླད་ཕྱིན་གྱི་དབུལ་སྐྱོར་གནས་སྤོ་ལས་ཀའི་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དགོས་མཁོར་གཞིགས་ཏེ། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་སྤྱིར་བཏང་གི་གློག་གཏོང་གློག་སྐུད་འཁྲིད་པ་ལྟར་མ་ཡིན་པར། གློག་སྐུད་ཀྱི་གློག་གཏོང་ནུས་པ་ལྡབ་4ཆེ་རུ་བཏང་ནས། སླད་ཕྱིན་གནས་སྤོ་བྱ་ཡུལ་དུ་ལས་སྣོན་ལས་རིགས་དང་ཡུལ་སྐོར་ལས་སྒོ་འཕེལ་རྒྱས་སོགས་ལྷན་སྦྱར་ཐོན་ལས་རྣམ་གྲངས་ཀྱི་གློག་སྤྱོད་དགོས་མཁོ་དེ་བས་ལེགས་པའི་ངང་བསྐང་རྒྱུར་སྟབས་བདེ་བསྐྲུན་ཡོད།

    “དུད་ཚང་དབུལ་པོ་འདི་གར་གནས་སྤོ་བྱས་རྗེས་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་སོང་ལ། ནད་གཞི་ལྟ་སྐབས་ཀྱང་སྟབས་བདེ་རུ་ཕྱིན་སོང་། དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་ཟིན་རྗེས་དུད་ཚང་དབུལ་པོ་150གནས་སྤོ་གཞིས་ཆགས་ཐུབ་པ་དང་། ད་དུང་དུས་ཐེངས་གཉིས་པ་དང་དུས་ཐེངས་གསུམ་པའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱས་ཏེ། དུད་ཚང་དབུལ་པོ་500ཡི་སྡོད་ཁང་དང་དཔལ་འབྱོར་གྱི་དགོས་མཁོ་བསྐང་རྒྱུ་རེད། ཁུལ་ཆུང་ནང་གི་ལྷན་སྦྱར་ཐོན་ལས་རྣམ་གྲངས་མང་པོ་ཞིག་འཐུས་ཚང་དང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་གོམ་སྟབས་རྗེས་མར་སྟབས་བདེའི་གློག་ཁུངས་ཐོན་ཁུངས་སྤྱད་དེ་དེང་རབས་ཅན་གྱི་སྒྲིག་བཀོད་ཚང་བའི་གསོ་ཚགས་རྟེན་གཞི་བསྐྲུན་རྒྱུ་རེད”ཅེས་ཡངས་པ་ཅན་གྲོང་རྡལ་ཟམ་པ་གསར་གྲོང་ལྷན་གྱི་ཧྲུའུ་ཅི་དང་པོ་དབང་གྲགས་ཀྱིས་དེ་ལྟར་བཤད།

    རང་ལྗོངས་སུ་ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོའི་ལས་དོན་སྤེལ་བ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ཐོག་མཐའ་བར་གསུམ་དུ་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གང་དུ་བསྐྲུན་དགོས་མིན་དང་གློག་སྐུད་གང་དུ་འཁྲིད་དགོས་མིན་སོགས་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་ལ་གནས་སྤོའི་རྣམ་གྲངས་ཀྱི་གློག་གཏོང་ཞབས་ཞུ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་བོད་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པར་རོགས་རམ་བྱས་ཡོད། མིག་སྔ་བར་ཀུང་སི་དེས་མ་རྩ་སྒོར་ཁྲི་9700བཏང་སྟེ་ལྗོངས་ཡོངས་ཀྱི་ཡུལ་གཞན་ལ་གནས་སྤོ་བྱ་ཡུལ་162ལ་བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་ལེན་བསྟར་བས་སྤྱིར་ན་གློག་དྲ་གཙོ་བོ་ནས་གློག་གཏོང་ཐུབ་པ་བྱུང་བ་དང་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་9100ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།