[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཇོ་མདའི་རི་ཉིལ་བའི་གནོད་འཚེར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    ཟླ་10ཚེས་11ཉིན་གྱི་ཐོ་རེངས་སུ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དུ་རི་ཉིལ་ནས་འབྲི་ཆུའི་ཆུ་གཞུང་འགགས་ཏེ་འཁྱིལ་མཚོ་ཆགས་ཤིང་། ད་ལྟའི་བར་འབྲི་ཆུའི་ཆུ་ཁ་མུ་མཐུད་རྒྱས་བཞིན་ཡོད་སྟབས། ཉེ་འཁོར་གྱི་ཤང་དང་གྲོང་རྡལ་གྱི་མང་ཚོགས་ཛ་དྲག་ངང་བདེ་འཇགས་ལྡན་སར་སྤོས་པས་མི་འཆི་རྨས་ཀྱི་སྙན་སེང་འབྱོར་མེད་པ་རེད།

    གེགས་བར་བྱུང་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐོང་ཆེན་པོ་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་འཕྲལ་མར་མཆན་བཀོད་མཛུབ་སྟོན་གནང་སྟེ། ཆབ་མདོ་གྲོང་ཁྱེར་གྱིས་གནོད་འཚེར་དོ་ཁུར་ཆེན་པོ་བྱེད་དགོས་པ་མ་ཟད། གེགས་ཁུལ་མང་ཚོགས་ཕྱིར་འཐེན་གྱི་ལས་དོན་དུས་ཐོག་ཏུ་ཡག་པོ་བསྒྲུབས་ནས་མི་གཅིག་ཀྱང་མི་ལུས་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཤིང་། དམངས་སྲིད་སྡེ་ཚན་གྱིས་ཀྱང་གེགས་སེལ་དངོས་ཟོག་གྲ་སྒྲིག་ཡག་པོ་བྱས་ནས་མཁོ་སྤྲོད་འདང་ངེས་ཐུབ་པ་དང་བདེ་འཇགས་འགན་ལེན་འོག་འབྲེལ་ཡོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་འདུག

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྱང་མཆན་བཀོད་མཛུབ་སྟོན་གནང་ནས་རང་སྐྱོང་ལྗོངས་ཀྱིས་ལས་དོན་ཚོགས་ཆུང་བཙུགས་ཏེ་གནས་ཚུལ་ཐོན་ཡུལ་དུ་བཀོད་འདོམས་མཐུན་སྦྱོར་བྱེད་པར་སྐྱོད་དགོས་པའི་བླང་བྱ་བཏོན་གནང་འདུག

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་ནས་ཞིབ་ཕྲའི་བླང་བྱའང་བཏོན་གནང་འདུག

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རི་ཤུགས་ཆེན་ཉིལ་ནས་ཆུ་ཁ་འཕྲལ་མར་རྒྱས་ཏེ་འབྲི་ཆུའི་ཆུ་གཞུང་འགགས་ཡོད། རི་ཉིལ་ནས་འཁྱིལ་མཚོ་ཆགས་པས། ཉེ་འཁོར་གྱི་གྲོང་ཚོ་ཁག་གཅིག་གི་བདེ་འཇགས་ལ་ཉེན་ཁ་བཟོས་པ་དང་། སྤོ་ལོ་ཤང་དུ་འགྲོ་སའི་ཟམ་པ་དང་ཞིང་ཁ་ཁག་གཅིག་དང་སྤོ་ལོ་ཤང་སྲིད་གཞུང་གནས་ཡུལ་དང་ཆུའི་སྨད་རྒྱུད་ཀྱི་འབམ་གོང་གྲོང་ཚོ་ཆུས་བསྣུབས་པ་མ་ཟད། གཞུང་ལམ་མང་པོ་དང་མང་ཚོགས་ཀྱི་སྡོད་ཁང་དང་། ས་ཞིང་། རྩྭ་ར་སོགས་ལའང་གནོད་སྐྱོན་བྱུང་ཡོད་པ་རེད།

    གེགས་བར་བྱུང་རྗེས། ཆབ་མདོ་གྲོང་ཁྱེར་གྱིས་མཐོང་ཆེན་པོ་བྱས་ནས་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ་དང་། འཇོ་མདའ་རྫོང་དང་། གོ་འཇོ་རྫོང་། སྨར་ཁམས་རྫོང་བཅས་ཀྱི་མང་ཚོགས་བདེ་འཇགས་ལྡན་སར་གོ་རིམ་ལྡན་པའི་ངང་སྤོ་རུ་བཅུག་ལ། སི་ཁྲོན་ཞིང་ཆེན་གྱི་དཔལ་ཡུལ་རྫོང་གི་འབྲི་ཆུའི་གཡས་གཡོན་གྱི་ཤང་དང་གྲོང་རྡལ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་འབྲེལ་ཡོད་ཁེ་ལས་སྤོ་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བརྡ་ཐོ་བཏང་བ་དང་། གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་དང་། ཆུ་བེད། འགྲིམ་འགྲུལ་སོགས་ལས་རིགས་ཀྱི་རིགས་གཅིག་མཁས་པ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་པ་འཇོ་མདར་འབྱོར་བ་དང་སྦྲགས། དམངས་སྲིད་སྡེ་ཚན་ལ་འཕྲལ་སྡོམ་གེགས་སེལ་གྱི་དངོས་ཟོག་བཀོད་གཏོང་གི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་ཀྱང་བྱས་པ་རེད། འཇོ་མདའ་རྫོང་དང་། གོ་འཇོ་རྫོང་། སྨར་ཁམས་རྫོང་བཅས་ཀྱི་འབྲི་ཆུའི་འགྲམ་གྱི་ཤང་དང་གྲོང་རྡལ་ལ་སོ་ལྟ་ཁང་བཙུགས་ནས་ཆུ་ཚོད་ཕྱེད་ཀར་སྙན་སེང་རེ་ཞུ་དགོས་པའི་ལམ་ལུགས་བཟོས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།