[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས།

    བོད་ཀྱི་ས་ཆ་ཞིབ་གཉེར་གྲོན་ཆུང་གི་ཕྱོཌ་བསྡུས་བེད་སྤྱོད་དང་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་གནད་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    ཚེས་10ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ཏེ་རང་ལྗོངས་ཀྱི་ས་ཆ་ཞིབ་གཉེར་གྲོན་ཆུང་གི་ཕྱོགས་བསྡུས་བེད་སྤྱོད་དང་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སོགས་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པ་རེད།

    རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱི་སྙན་ཞུ་དང་གཏམ་བཤད་གསན་རྗེས། ཅང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་ཞིབ་གཉེར་གྲོན་ཆུང་གི་ཕྱོགས་བསྡུས་བེད་སྤྱོད་དང་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། ས་ཆ་སྦར་མཐིལ་ཙམ་ལའང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་ལྕགས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོ་འཛིན་དགོས་པའི་བླང་བྱའང་བཏོན་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆེད་མངགས་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་བྱས་པ་མ་ཟད་ཡིག་ཆའང་བཀྲམ་ཡོད། དེར་བརྟེན་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། ཁྲིམས་བཞིན་ས་ཆ་སྤྱོད་པ། ལེགས་བསྡུས་ཞིབ་གཉེར་གྱིས་ས་ཆ་སྤྱོད་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ཞེས་གསུངས།

    ཅང་ཅེས་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་ལྟ་འདོམས་ཀྱི་འགན་འཁྲི་ནན་ཏན་ཁུར་ཏེ་གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་ཀྱིས་ས་ཆ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་འཕེལ་རིམ་མགྱོགས་སུ་བཏང་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ས་ཆ་ཉར་ཚགས་ཀྱི་ཐོན་ཁུངས་ཕན་རྒྱུར་བར་མཐོངས་ཐོན་ཁུངས་ཀྱི་གྲུབ་ཆ་སྤྱི་འདོམས་བཀོད་སྒྲིག་བཅས་བརྒྱུད་དེ་ས་ཆ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པར་བྱེད་དགོས། ཞིབ་གཉེར་གྲོན་ཆུང་གི་ས་ཆ་ཕྱོགས་བསྡུས་བེད་སྤྱོད་ཀྱི་འབྲེལ་ཡོད་བསམ་འཆར་གང་མགྱོགས་ཞིབ་འཇུག་བྱས་ནས་བཏོན་ཏེ་རང་ལྗོངས་ཀྱི་ས་ཆ་བེད་སྤྱོད་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།