[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་བབ་མཐོ་ཚད་སྨི་5020ཡི་འབྲོག་རར་སྒྲོག་འགྲེལ་རུ་ཁག་སླེབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-23

    ཉེ་དུས། འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའུ་ལས་གྲུབ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་རུ་ཁག་ས་བབ་མཐོ་ཚད་སྨི་5020ཡི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོའི་ཐག་རིང་འབྲོག་རར་བསྐྱོད་དེ་སྒྲོག་འགྲེལ་བྱས་པ་རེད།

    དབྱར་དུས་སུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000སར་འཚོ་བ་སྐྱེལ་བཞིན་པའི་འབྲོག་པ་མང་ཚོགས་སྐྱས་སྤོས་ཕྱུགས་འཚོའི་ལས་ལ་བྲེལ་བཞིན་ཡོད། འབྲོག་ར་ཁག་གཅིག་གི་འགྲོ་ལམ་ཀྱག་ཀྱོག་དང་འགྲིམ་འགྲུལ་སྟབས་བདེ་མེད་པ། ཆ་འཕྲིན་གསང་པོ་མེད་པ་བཅས་ལས་རྒྱུན་དུ་ཕྱི་རོལ་གྱི་གནས་ཚུལ་རྟོགས་ཁག་པོ་ཡོད། འབྲོག་ཁུལ་གྱི་མང་ཚོགས་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་ཤེས་པ་བྱ་ཆེད། འཕྱོངས་རྒྱས་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་ལས་གྲུབ་པའི་སྒྲོག་འགྲེལ་རུ་ཁག་གིས་རི་ཀླུང་བརྒལ་ནས་འབྲོག་ར་ཁག་ཏུ་བསྐྱོད་དེ་མང་ཚོགས་ལ་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་དང་རྒྱལ་གཅེས་ཏང་གཅེས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

    རླངས་འཁོར་ནང་བསྡད་ནས་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་རྗེས། སྦྲ་གུར་ཁ་ཤས་ཡོད་ས་ཞིག་ཏུ་རླངས་འཁོར་གྱི་ཁ་བཀག ལོ་52ལ་སླེབས་པའི་ཁྲ་རིག་དང་བཟའ་ཟླ་སྐལ་བཟང་དབྱངས་ཅན་གུར་མདུན་དུ་ལས་ལ་བྲེལ་བཞིན་འདུག སྒྲོག་འགྲེལ་རུ་ཁག་འདི་གར་སླེབས་པ་མཐོང་མ་ཐག་དེ་མུར་ལས་ཀ་བྱེད་མཚམས་བཞག་ནས་ཕེབས་བསུ་ཞུ་བར་ཡོང་།

    སྒྲོག་འགྲེལ་རུ་ཁག་གིས་སྒྲོག་འགྲེལ་མ་བྱས་གོང་། བགྲེས་སོང་ཁྲ་རིག་གིས“ང་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་འོག་འཚར་ལོངས་བྱུང་བའི་རྒྱལ་གཉེར་འབྲོག་རའི་ལས་བཟོ་རྙིང་པ་ཞིག་ཡིན། ཟླ་རེར་གླ་ཕོགས་སྒོར་ཁྲི་1ལྷག་ཙམ་ཡོད་པས། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་སྔོན་འཚོ་བར་དཀའ་ངལ་ཡོད་པ་དང་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་ལ་ཡི་གེ་ཡང་མང་པོ་ཤེས་ཀྱི་མེད། 

    འབྲོག་ར་རྫོང་གྲོང་དང་བར་ཐག་རིང་བས་གློག་མེད་པ་དང་། བརྙན་འཕྲིན་དང་རླུང་འཕྲིན་གྱི་ནང་དོན་དག་ཧ་གོ་གི་མི་འདུག དེ་རིང་སྒྲོག་འགྲེལ་རུ་ཁག་སླེབས་པས་ངས་ཡག་པོ་བྱས་ནས་ཉན་གྱི་ཡིན”ཞེས་བཤད།

    “སྤྱི་ཚོགས་རྙིང་པར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པ་མ་ཟད། ས་ཞིང་ཆུང་ཆུང་དེ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ད་ཆ་ང་ཚོ་སྡོད་སའི་ཁང་པ་དཀར་ཆ་དོད་ལ་རྒྱ་ཆེ་བ། ཁྱིམ་དུ་དེང་རབས་ཅན་གྱི་འཛིན་ཆས་དང་གློག་ཆས་ཡོད་པ་དང་། འཚོ་བའི་ཁ་གསབ་ཡོད་པ། ནད་གཞི་ཕོག་ན་སྨན་རིན་རྩིས་ཞུ་བྱ་ཆོག་པ་སོགས་ད་ཆ་ང་ཚོའི་འཚོ་བ་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་སྒྲོག་འགྲེལ་པ་ཆོས་སྒྲོན་དབང་མོས་བཤད་པའི་སྐད་ཆ་ཞིང་འབྲོག་མང་ཚོགས་ཚོའི་སེམས་ལ་ཟུག་བཞིན་དུ་མགོ་བོ་ལྕོག་ལྕོག་བྱས།

    “འབྲོག་པའི་སྒྲོག་འགྲེལ་བ་ཞིག་གི་ངོས་ནས། ངས་གྲོང་གསེབ་དང་ཐག་རིང་ས་ཁུལ་གྱི་འབྲོག་སར་བསྐྱོད་ནས་སྒྲོག་འགྲེལ་ལས་ལ་གཞོལ་བ་ཡིན། མ་གཞི་ངལ་དུབ་ཆེ་རུང་མང་ཚོགས་ཚོས་ང་ཚོའི་སྒྲོག་འགྲེལ་བྱེད་ཐབས་ལ་དགའ་པོ་བྱེད་པ་མཐོང་སྐབས་སེམས་ལ་དགའ་པོ་བྱུང་། འབྲོག་པ་ཚོས་གོ་ཐུབ་པ་དང་། ཉན་སྤྲོ་ལ་དང་ལེན་བྱེད་བདེ་བ་བཅས་ཀྱི་སྒོ་ནས་ནང་དོན་སྒྲོག་འགྲེལ་བྱེད་ཀྱི་ཡོད། ང་ཚོས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་མ་ཟད། ད་དུང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཞིང་འབྲོག་པར་མུ་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ནས་མི་སེར་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་དང་གྲོང་ཁྱེར་གྱི་མི་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཆོས་སྒྲོན་དབང་མོས་བཤད།

    ཆུ་ཚོད་གཉིས་ཙམ་གྱི་སྒྲོག་འགྲེལ་མགྱོགས་མྱུར་མཇུག་འགྲིལ་བས། ཚང་མས་ད་ཐེངས་སྒྲོག་འགྲེལ་གྱི་ནང་དོན་ཟབ་ལ་སྤྲོ་སྣང་ལྡན་པ་དང་སྒྲོག་འགྲེལ་གྱི་ནང་དོན་བརྒྱུད་བསྒྲགས་བྱུང་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཀྱང་དང་ལེན་བྱེད་བདེ་པོ་བྱུང་བར་དགའ་སྤྲོ་སྐྱེས། འབྲོག་ར་ནས་ཐོན་སྐབས་ཕྱི་དྲོ་ཡིན་པ་དང་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི་ཚོས་ངལ་དུབ་ལ་མ་འཛེམས་པར་ལམ་བར་དུ་མུ་མཐུད་ད་ཐེངས་སྒྲོག་འགྲེལ་གྱི་མྱོང་ཚོར་དང་མི་འདང་ས་ཕན་ཚུན་སྤེལ་རེས་བྱས་ནས “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་གྱི་ལས་དོན་དེ་བས་གཏིང་ཟབ་སྤེལ་ཐུབ་པར་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།