[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྐྱིད་ཕྱོགས་སུ་སྐྱོད་པའི“མཁའ་ལམ”

    ——ཁྲོན་བོད་གཞུང་ལམ་ལས་བོད་རིགས་ས་ཁུལ་གྱི་འཕོ་འགྱུར་ལ་རམ་འདེགས་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐེན་ཅིན་ཝུན་དང་ལི་ཅན་གྱིས།    |    སྤེལ་དུས།   2019-06-24

    ● ཁྲོན་བོད་གཞུང་ལམ་ནི་ཤར་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ནས་ནུབ་བོད་ལྗོངས་ལྷ་ས་བར་ཡིན་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་ཉིས་སྟོང་ལྷག་ཙམ་ཡོད།

    ● ཁྲོན་བོད་གཞུང་ལམ་སྐྲུན་པའི་ལོ་བཞི་ལྷག་ཙམ་རིང་མི་3000ལྷག་ཙམ་གྱིས་ལམ་བཟོ་བའི་བརྒྱུད་རིམ་ནང་ཚེ་སྲོག་བློས་བཏང་ཡོད། 

    ● ན་ནིང་ཁོ་ནར་ཉིང་ཁྲི་གྲོང་ཁྱེར་གྱིས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ད་ཆ་ཁྲོན་བོད་གཞུང་ལམ་ནི་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་ཞིག་ཁོ་ན་མིན་པར་མཛེས་ལྗོངས་ལ་མྱོང་རོལ་བྱེད་པའི“ཡུལ་སྐོར་ལམ་ཐིག་རྩེ་གྲ”ཞིག་ཏུ་གྱུར་པ་མ་ཟད་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བར་ཁྱམས་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    ● ཁྲོན་བོད་གཞུང་ལམ་རྒྱུད་དུ་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ཞིང་འབྲོག་པ་མང་པོས་ད་ཆ་ཁྱིམ་ཚང་མགྲོན་ཁང་དང་སྐྱེལ་འདྲེན་སོགས་ཀྱི་ལས་ལ་འབད་འགོ་ཚུགས་ནས་ཡུལ་སྐོར་གྱི་ཡོང་འབབ་གསོག་གི་ཡོད་པ་རེད། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་ལིན་ཙེ་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོ་ནི་གཞུང་ལམ་318ཀྱི་འགྲམ་དུ་ཡོད་ལ་དེ་ནི་དངོས་ཟོག་སྣ་ཚོགས་བོད་དུ་དབོར་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཞིག་རེད།

    ● དེ་བས་རེ་སྒུག་བྱེད་འོས་པ་ཞིག་ནི་མ་དངུལ་སྒོར་དུང་ཕྱུར་2700ལྷག་ཙམ་བཏང་བའི་ཁྲོན་བོད་ལྕཌ་ལམ་ཡང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ནང་དངོས་སུ་བཅུག་པ།

    བགྲང་བྱ་60ལྷག་ཙམ་རིང་། ཁྲོན་བོད་གཞུང་ལམ་གསར་དུ་བསྐྲུན་པ་ནས་ཟམ་མི་ཆད་པར་རིམ་སྤོར་འཐུས་ཚང་དུ་སོང་བའི་བར་ཁོད་ཇེ་ཡངས་དང་ཇེ་བདེར་སོང་ཞིང་། བོད་རིགས་ས་ཁུལ་གྱི་མི་དམངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕུགས་འདུན་དང་དོན་དངོས་ཀྱི་འཚོ་བ་དེ“མཁའ་ལམ”དང་རིམ་བཞིན་མཉམ་འདྲེས་ཡོང་བཞིན་ཡོད།

    ཉེན་ཁ་ཆེ་ཤོས་ནས་མཛེས་ཤོས་བར། “མཁའ་ལམ”ཟམ་མི་ཆད་པར་དར་རྒྱས་ཕུན་ཚོགས་སུ་ཕྱིན་པ།

    ཁྲོན་བོད་གཞུང་ལམ་ནི་ཤར་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ནས་ནུབ་བོད་ལྗོངས་ལྷ་ས་བར་ཡིན་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་ཉིས་སྟོང་ལྷག་ཙམ་ཡོད། 1950ལོའི་ལོ་འགོར་བོད་དུ་སྐྱོད་མཁན་དམག་དཔུང་ཆེན་པོས་ཤ་ཁྲག་གི་ལུས་ཕུང་དང་ལག་ཆ་སྟབས་བདེར་བརྟེན་ནས་རི་ལམ་གཏོད་པ་དང་ཆུ་ལ་ཟམ་རྒྱག་གིས་འཛམ་གླིང་ཐོག་གི་མིའི་རིགས་ཀྱི་གཞུང་ལམ་ལོ་རྒྱུས་ཐོག་གི་ངོ་མཚར་ཆེན་པོ་ཞིག་བཏོད་ཡོད།

    ཁྲོན་བོད་གཞུང་ལམ་ནི་དང་ཐོག་ཨར་སྐྲུན་བཟོ་པས་སྦྱག་མ་དང་། ལྕགས་ཧྲེང་། ཐོ་བ་སོགས་ལག་ཆ་སྟབས་བདེར་བརྟེན་ནས་སྐྲུན་པ་ཞིག་ཡིན་ཞིང་། སྐྲུན་སྐབས་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་ཐོན་པ། མཐོ་གྲང་གསོ་རླུང་དཀོན་པ་སོགས་ཀྱིས་རྟག་ཏུ་བཟོ་པ་ཚོའི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད། ཨར་ལས་བྱེད་པའི་ལོ་དང་པོར། མི་2000ལྷག་ཙམ་གྱི་ཚེ་སྲོག་ཤོར་བ་དང་། སྡེ་དགེ་ཁྲོ་ལའི་ཕོ་ཤར་མི་300འདས་པ་རེད།

    ཁྲོན་བོད་གཞུང་ལམ་སྐྲུན་པའི་ལོ་བཞི་ལྷག་ཙམ་རིང་མི་3000ལྷག་ཙམ་གྱིས་ལམ་བཟོ་བའི་བརྒྱུད་རིམ་ནང་ཚེ་སྲོག་བློས་བཏང་ཡོད། མི་ཁྲི་བཅུ་ལྷག་ཙམ་ཟིན་པའི་ལམ་བཟོའི་དཔུང་སྡེ་དེས་འཛམ་གླིང་ཡང་རྩེར་བོད་དང་ནང་སའི་དབར“ཁྲག་རྒྱུན་འདྲེས་ལམ”ཞིག་ཁྲིད་དེ་བོད་དུ་དེང་རབས་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཡོད། དུས་དེ་ནས་བཟུང་། དངོས་ཟོག་མང་པོ་ཞིག་ཁྲོན་བོད་གཞུང་ལམ་བརྒྱུད་བོད་དུ་དབོར་ཡོང་བས་བོད་དུ་དངོས་ཟོག་དཀོན་པའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད་བོད་དང་ནང་སའི་དབར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་སྦྲེལ་ཐག་ཀྱང་དམ་དུ་སོང་ཡོད།

    ཁྲོན་བོད་གཞུང་ལམ་རྒྱུད་དུ་གནས་སྟོད་འཁྱཌ་རོམ་དང་། གནམ་ལྕགས་འབར་བ། ར་འོག་མཚོ། “བོད་ཀྱི་སུའེ་ཙེར་ཆུང་ངུར”གྲགས་པའི་ཀླུ་ནང་གྲོང་རྡལ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཞིག་ཡོད། དེ་གའི་ས་ཆ་མང་པོ་ཞིག་ལ“རི་བོ་གཅིག་ལ་ནམ་དུས་བཞི་ཡི་ཁྱད། ལེ་དབར་བཅུ་ལ་གནམ་གཤིས་མི་འདྲའི་ཁྱད”མཐོང་རྒྱུ་ཡོད། ཡིན་ནའང་འཕྲེད་རྒྱུག་རི་རྒྱུད་ཀྱི་དམིགས་བསལ་ས་བབ་དང་ཡང་སེ་ཐོན་པའི་ས་གཤིས་ཀྱི་གནོད་འཚེས་དུས་ཡུན་རིང་པོའི་ནང་ཁྲོན་བོད་གཞུང་ལམ་དུ་ལོ་ལྟར་ལོ་ཕྱེད་ཙམ་རླངས་འཁོར་འགྲོ་ཐབས་བྲལ་བའི་གནས་ཚུལ་ཐོན་གྱི་ཡོད།

    ཁྲོན་བོད་གཞུང་ལམ་བདེ་བགྲོད་ཡོང་བ་བྱ་ཆེད། བགྲང་བྱ་60ལྷག་ཙམ་རིང་། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་ཕོན་ཆེན་བཏང་ནས་སྒྱུར་བཀོད་དང་ཉམས་བཟོ་བྱས་པ་དང་། ད་དུང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེ་བཙུགས་ཏེ་ལོ་འཁོར་མོ་ཁྲོན་བོད་ལམ་ཐིག་གི་དཀའ་ཚེགས་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་སྤྱི་ལེ་800ཡི་ལམ་རྒྱུད་ལ་ལྟ་སྲུང་བྱེད་ཀྱི་ཡོད། ཨར་ལང་རི་བོའི་ཕུག་ལམ་དང་། ཐང་སྨད་རང་བྱུང་བཙན་འགག 102རི་ཉིལ་ཁུལ་སོགས་ལམ་རྩུབ་ས་མང་པོ་ཞིག་རྦད་དེ་ཤར་གཏོང་ཐུབ་པས་རླངས་འཁོར་བསྐྱོད་པའི་དུས་ཚོད་ཐུང་དུ་སོང་བ་མ་ཟད་འགྲུལ་བཞུད་སྔར་བས་བདེ་འཇགས་དང་སྐྱིད་སྣང་ལྡན་པར་གྱུར་ཡོད།

    སྐྱེལ་འདྲེན་བགྲོད་ལམ་ནས་དཔལ་འབྱོར་བར་ཁྱམས་བར། “མཁའ་ལམ”གྱི་བྱེད་ནུས་ལ་རིམ་བཞིན་འགྱུར་ལྡོག་སོང་བ།

    ཉེ་ཆར་གསར་འགོད་པས་ཁྲོན་བོད་གཞུང་ལམ་དུ་ཉིན་ལྟར་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་བྱེས་བགྲོད་རླངས་འཁོར་དང་འཇིབ་ཆུང་སྣ་ཚོགས་བརྒྱ་ཕྲག་ཁ་ཤས་དེ་སྔའི་བྱེ་རྡོའི་ལམ་དུ་བསྐྱོད་པ་དང་། གངས་རི་བརྒྱབ་པ་དང་གཙང་ཆུ་བསྒྲལ་ནས་རི་མཐོ་གཡང་གཟར་ཀློང་དུ་མྱུར་སྟབས་བདེ་རྒྱུག་བྱེད་པ་མཐོང་བྱུང་། ན་ནིང་ཁོ་ནར་ཉིང་ཁྲི་གྲོང་ཁྱེར་གྱིས་འཁོར་འཁྲིད་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ད་ཆ་ཁྲོན་བོད་གཞུང་ལམ་ནི་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་ཞིག་ཁོ་ན་མིན་པར་མཛེས་ལྗོངས་ལ་མྱོང་རོལ་བྱེད་པའི“ཡུལ་སྐོར་ལམ་ཐིག་རྩེ་གྲ”ཞིག་ཏུ་གྱུར་པ་མ་ཟད། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བར་ཁྱམས་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    ཁྲོན་བོད་གཞུང་ལམ་གྱི་རྒྱུད་དུ་སྲོལ་རྒྱུན་ཞིང་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིང་འབྲོག་པ་མང་པོས་ད་ཆར་ཁྱིམ་ཚང་མགྲོན་ཁང་དང་སྐྱེལ་འདྲེན་སོགས་ཀྱི་ལས་ལ་འབད་འགོ་ཚུགས་ནས་ཡུལ་སྐོར་གྱི་ཡོང་འབབ་གསོག་གི་ཡོད། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་ལིན་ཙེ་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོ་ནི་གཞུང་ལམ་318ཀྱི་འགྲམ་དུ་ཡོད་ལ་དེ་ནི་དངོས་ཟོག་སྣ་ཚོགས་བོད་དུ་དབོར་བའི་བརྒྱུད་ལམ་གལ་ཆེན་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་གྱི་སྐུལ་ཁྲིད་ལ་བརྟེན་ནས་ཡུལ་དེ་གའི་གྲོང་མིས་རླམ་རྩྭ་ཕོ་སུལ་དང་སྨན་རྩྭ་སྣ་ཚོགས་བཏབ་ནས་ཕྱུག་པོར་གྱུར་འདུག གྲོང་མི་ལི་ཀྲུང་ཆིན་གྱིས་གཞུང་ལམ་གྱི་འཁྲིས་སུ་ཞིང་ར་ཞིག་གཉེར་ཡོད་པ་དང་། “ཡུལ་སྐོར་བས་ཤིང་ཏོག་བཏོགས་ནས་མྱོང་རོལ་བྱེད་ཆོག་པ་དང་ངས་འདི་ལ‘ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ’ཟེར་གྱི་ཡོད”ཅེས་ལི་ཀྲུང་ཆིན་གྱིས་བཤད།

    སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱིས་ད་དུང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་གཞི་རྟེན་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་སུ་བཏང་སྟེ་ནས་དང་། འབྲི་གཡག བོད་ཀྱི་གསོ་རིག་དང་སྨན་རྫས་སོགས་འདེགས་སྐྱོར་ནུས་པ་ཆེ་ལ་ཕན་འབྲས་མངོན་གསལ་དོད་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་རབ་དང་རིམ་པ་གསོ་སྤེལ་བྱས་ཤིང་། ཁྱད་ལྡན་དཔལ་འབྱོར་དར་རྒྱས་མྱུར་པོ་ཕྱིན་ནས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་ནང་གསོན་ཤུགས་དང་གཏིང་ཤུགས་ཆེ་ཤོས་ལྡན་པའི་བཀྲག་མདངས་འཚེར་སར་གྱུར་པ་རེད།

    འདས་པ་ནས་མ་འོངས་བར། “མཁའ་ལམ”གྱི་ལས་འགན་ཐད་ཁོངས་མི་གསར་པ་བསུ་བ།

    དེ་སྔོན་གྱི་རྡོ་ཟེགས་ལམ་ནས་ད་ལྟའི་སྣུམ་ནག་ལམ་དང་། དེ་སྔོན་གྱི་བོད་སྐྱོད་ལམ་རྐྱང་པ་ནས་ད་ཆའི་མཚོ་བོད་དང་། ཡུན་བོད། ཤིན་ཅང་གཞུང་ལམ་སོགས་བོད་སྐྱོད་བགྲོད་ལམ་མང་པོའི་བར་གྱི་གོང་འཕེལ་ལ་བརྟེན་ནས་ཁྲོན་བོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་སྒྲིག་བཀོད་ཟམ་མི་ཆད་པར་རིམ་སྤོར་དང་འཐུས་སྒོ་ཚང་དུ་སོང་ཡོད་པ་རེད།

    ཁྲོན་བོད་མྱུར་བགྲོད་གཞུང་ལམ་དེ་ཛ་དྲག་ངང་སྐྲུན་བཞིན་ཡོད་པའི་ནང་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་སོགས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ལམ་དུམ་ལྷག་མ་དག་སྐྲུན་སྒང་ངམ་ཡང་ན་དུས་འགོའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

    དེ་བས་རེ་སྒུག་བྱེད་འོས་པ་ཞིག་ནི་མ་དངུལ་སྒོར་དུང་ཕྱུར་2700ལྷག་བཏང་བའི་ཁྲོན་བོད་ལྕགས་ལམ་ཡང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྣམ་གྲངས་གཙོ་གནད་ནང་དངོས་སུ་བཅུག་པ་དང་། ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་དུ་རླངས་འཁོར་ཤར་བགྲོད་ཐུབ་ཡོད། ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་སྐྲུན་བཞིན་ཡོད་པ་དང་མིག་སྔར་སྒྲོམ་འདིང་དུས་མཚམས་སུ་སླེབས་ཡོད།

    སླད་ཕྱིན་ཁྲོན་བོད་གཞུང་ལམ་སོགས་འགྲིམ་འགྲུལ་གྱི་འགག་གནད་དུ་བྱས་ནས་བོད་དང་མེས་རྒྱལ་ནང་སའི་དབར་གྱི་དཔལ་འབྱོར་འབྲེལ་བ་སྔར་བས་དམ་ཟབ་ཏུ་འགྲོ་ངེས་ཡིན་ལ། གནའ་བོའི་གངས་ལྗོངས་ས་མཐོ་འདི་ཉིད་དེང་རབས་ཅན་གྱི་འཕེལ་རིམ་ནང་བཀག་སྡོམ་ནས་གྲོལ་ཏེ་འཛམ་གླིང་དུ་ཕྱོགས་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།