[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྒྲོག་འགྲེལ་པ་བློ་བཀྲ་ཡིས་ཏང་གི་གསུང་སྒྲ་མཐའ་ཡས་རྩྭ་ཐང་གི་གང་སར་ཁྱབ་པར་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-20

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་དུ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་མཁན་ཚོགས་པ་ཞིག་ཡོད། ཁོང་ཚོས་ལག་ཏུ་ཟིན་བྲིས་དེབ་དང་། རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་དེབ། 《སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་རྩ་གནད》བཅས་འཁྱེར་ནས། “ཅི་འཕྲོས་མོལ་འཕྲོས”ཀྱི་རྣམ་པར་བརྟེན་ནས་དུད་ཁྱིམ་རེ་རེ་བཞིན་ལ་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཏང་གི་གསུང་སྒྲ་གངས་ལྷ་གྲོང་ཚོའི་གང་སར་ཁྱབ་པ་བྱེད་ཀྱི་ཡོད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་གངས་ལྷ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་བཀྲ་ནི་མི་ཚོགས་དེ་དག་ཁྲོད་ཀྱི་སྣེ་ཁྲིད་པ་རེད།

    ཞོགས་པ་བློ་བཀྲ་སྔ་པོ་ནས་ལངས་ཏེ་ཟིན་བྲིས་དེབ་ཏུ་སྒྲོག་འགྲེལ་གྱི་ནང་དོན་བཤུས་ནས་ཇ་བསྲུབས་མ་ཧུབ་གང་བཏུངས་ཏེ་ཉིན་གཅིག་གི་དུད་ཚང་ལ་སྒྲོག་འགྲེལ་བྱེད་པའི་ལས་ཀ་འགོ་འཛུགས་ཀྱི་ཡོད།

    “འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ། གསར་རྙེད་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་རེད། དེང་བལྟས་སྔ་དྲན་བྱས་ཚེ། ང་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཚེ་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཇེ་ཡག་ཏུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་དང་སེམས་ཤུགས་ཡོད”

    ཆུ་ཚོད་11ཙམ་ལ་བློ་བཀྲ་བློ་བཟང་རིན་ཆེན་གྱི་ཁྱིམ་དུ་ཡོང་བས་ཁྱིམ་མི་གསུམ་པོ་བློ་བཀྲའི་འགྲམ་དུ་བསྡད་དེ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ཤེས་བྱ་ཁག་གི་སྒྲོག་འགྲེལ་ནན་ཏན་ངང་ཉན་ཡོད།

    སྒྲོག་འགྲེལ་པར་གྱུར་ཚུན་བློ་བཀྲ་ཡིས་རྟག་ཏུ་ཟིན་བྲིས་དེབ་ཅིག་འཁུར་ནས་ཉེ་འགྲམ་དུ་ཐོན་པའི་གསར་འགྱུར་དང་གནས་ཚུལ་གསར་པར་དོ་སྣང་བྱས་ཏེ་བྲེལ་འཚུབ་ཇི་ལྟར་ཆེ་ཡང་ཉིན་ལྟར་གསར་འགྱུར་མཉམ་བསྒྲགས་ལ་ལྟ་བ་མ་ཟད། སློབ་སྦྱོང་གི་གོ་སྐབས་མཐའ་དག་དམ་འཛིན་བྱས་ཏེ་གསར་འགྱུར་ལྟ་ཞོར་ཟིན་བྲིས་བརྒྱབ་ནས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་ནང་དོན་ལ་དམིགས་ཏེ་ཞིང་འབྲོག་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་སྒྲོག་འགྲེལ་བྱེད་ཀྱི་ཡོད།

    འབྲོག་པ་བློ་བཟང་རིན་ཆེན་གྱིས་བློ་བཀྲའི་འགྲེལ་བཤད་ཉན་ཞོར་མཐེ་བོང་སྒྲེང་བཞིན་དུ“ད་ཆ་ཏང་ཀྲུང་དབྱང་གིས་སྲིད་ཇུས་བཟང་པོ་རབ་དང་རིམ་པ་གཏན་འཁེལ་གནང་བ་དེས་ནད་གཞི་ལྟ་སྐབས་སྨན་རིན་རྩིས་ཞུ་ཆོག་པ་དང་། ཕྲུ་གུ་ལོ་རིམ་ལྔ་པར་འགྲོ་བཞིན་ཡོད་ནའང་སློབ་ཡོན་སྤྲོད་དགོས་མེད་ལ། རྒན་རྒོན་ལའང་འགན་སྲུང་ཡོད་པས། ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྒོ་ནས་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་འཚོ་བ་ཡག་པོ་སྐྱེལ་གྱི་ཡིན”ཞེས་བརྗོད།

    “མཐུན་སྒྲིལ་ལ་སྣང་ཆེན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ་ནི་ང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བརྟན་པོ་གཏོད་ནས་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད”ཅེས་བློ་བཀྲ་ཡིས་ཞིབ་ཚགས་ལ་གཏིང་ཟབ་པའི་སྒོ་ནས་བརྗོད།

    “ད་ཆ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་བ་དེ་སྔོན་ཆད་བསམ་མི་ཕོད་པ་ཞིག་རེད། སྲིད་གཞུང་གིས་དམངས་འཚོ་ལེགས་སུ་གཏོང་བར་སྲིད་ཇུས་ཡག་པོ་བཟོས་ཡོད་པས་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་ངེས་རེད། འཚོ་བ་སྐྱིད་པོ་དེ་ལྟ་བུར་གཅེས་སྤྲས་མི་བྱེད་པར་ད་དུང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་ངན་རྩོམ་མཁན་ནི་ང་ཚོའི་མི་རིགས་ཁག་གི་དགྲ་བོ་རེད”ཅེས་བློ་བཀྲ་ཡིས་བརྗོད་པ་དེ་བློ་བཟང་རིན་ཆེན་གྱི་སེམས་ལ་ཟུག་པོ་བྱུང་བ་རེད།

    བློ་བཀྲ་ཡིས་གསར་འགོད་པར་མི་གཅིག་གི་སྟོབས་ཤུགས་ནི་ཉམས་ཞན་ཡིན། རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའི་ཐུན་མོང་འབད་བརྩོན་འོག་ཏང་གི་གསུང་སྒྲ་རྩྭ་ཐང་གི་ཕྱོགས་གང་སར་ཁྱབ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་བྱུང་།

    དགོང་མོ་ཆུ་ཚོད་9པ་ཙམ་ལ། སྐབས་སྐབས་སུ་ཉེ་འགྲམ་ནས་ཁྱི་ཟུག་པའི་སྒྲ་གྲགས་འོང་བ་ལས་གངས་ལྷ་གྲོང་ཚོ་ཁུ་སིམ་མེར་གནས། གྲོང་ཚོ་ཨུ་ལྷན་གཞུང་ལས་ཁང་དུ་གློག་སྒྲོན་སྤར་ནས་བློ་བཀྲ་ཡིས་ཉིན་མོ་སྒྲོག་འགྲེལ་བྱས་པའི་ནང་དོན་དྲན་གསོ་བྱེད་ཞོར་ཟིན་བྲིས་ཁ་གསབ་དང་བཟོ་བཅོས་རྒྱག་པ་མ་ཟད། ད་དུང་བསྡུས་འཕྲིན་དང་མྱོང་ཚོར་འབྲི་ཡི་ཡོད།

    བློ་བཀྲའི་ཟིན་བྲིས་དེབ་མཐུག་པོ་དེར་ལྟ་སྐབས་གསར་འགོད་པར་མྱོང་ཚོར་ཟབ་མོ་བྱུང་། ཟིན་བྲིས་དེབ་ལ་བལྟས་ནས་སྒྲོག་འགྲེལ་བྱེད་མཁན་ཞེས་འབོད་པ་ནི་ཚང་མས་བློ་བཀྲར་བསྔགས་བརྗོད་ཆེན་པོ་བྱས་པ་ཞིག་རེད། སྒྲོག་འགྲེལ་རེ་རེ་མཇུག་འགྲིལ་རིམ་བཞིན་བློ་བཀྲ་རང་ཉིད་ཀྱིས་བསྡུས་འཕྲིན་འབྲི་ཡི་ཡོད། འདི་ལོ་ཤར་ཚུན་ཁོང་གིས་བསྡུས་འཕྲིན་ཁག་100ཙམ་བྲིས་པ་དག་འདི་ལོའི་ཁོང་གི་སྒྲོག་འགྲེལ་གྱི་དཔྱད་གཞི་རྩ་ཆེ་ཤོས་སུ་གྱུར་ཡོད་པ་མི་མང་པོ་ཞིག་གིས་ད་དུང་ཤེས་ཀྱི་མེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།