[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་རབས་ཀྱི་མིག་དཔེ་སྒྲོལ་དཀར་དང་གཡང་འཛོམས།

    ཕྱུགས་འཚོ་མཐའ་མཚམས་སྲུང་མཁན་གཅེན་གཅུང་གཉིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    ང་ཚོས་རྒྱུན་དུ་ཀྲུང་གོ་གང་དུ་ཡོད་དམ་ཞེས་པའི་གནད་དོན་དེ་འདྲི་ཉུང་ཉུང་ཡིན། ཁག་གཅིག་གིས་ཧེ་ལུང་ཅང་དུ་ཡོད་དང་ཡང་ན་ནང་སོག་དང་ཀོང་ཏུང་སོགས་སུ་ཡོད་ཅེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་ཁྱིམ་ཚང་ཞིག་གིས་ཀྲུང་གོ་ཁོང་ཚོའི་འཚོ་བའི་ཁྲོད་ཡོད་ཅེས་བརྗོད་བྱུང་། 2018ལོའི་ཟླ་3ཚེས་1ཉིན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་ཀྲུང་གོར་སེམས་འགུལ་ཐེབས་པའི་2017ལོའི་ལོ་འཁོར་གྱི་མི་སྣའི་མཚན་སྙན་ཐོབ་པ་དང་ཁོང་ཚོ་ནང་མི་ཚོས་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་བརྟན་སྲུང་ལས་ང་ཚོར་ཕ་ཡུལ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ་དང་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་ཉུང་དུ་འགྲོ་མི་རུང་བ་གསལ་བཤད་བྱས་ཡོད།

    ཡུལ་སྨད་ཤང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་། 1964ལོ་ནས་1996ལོ་བར་གྱི་ལོ་སུམ་ཅུ་ལྷག་ཙམ་ནང་སྒྲོལ་དཀར་དང་གཡང་འཛོམས་དང་ཁོང་གཉིས་ཀྱི་ཕ་ནི་ས་ཆ་དེའི་ཐོག་གི་དུད་ཚང་གཅིག་པུ་དེ་ཡིན་པ་རེད། ཕ་གཅིག་དང་། བུ་མོ་གཉིས། དུད་ཚང་གཅིག་ནི་ཤང་སྲིད་གཞུང་ཡིན་ལ་ཁོང་ཚོའི་ཁྱིམ་ཚང་ཡང་ཡིན། ཕ་སངས་རྒྱས་ཆོས་འཕགས་ནི་ཡུལ་དམག་རྙིང་པ་ཞིག་ཡིན་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ནས་བདག་པོར་གྱུར་བ་ནས་བཟུང་ཁོང་གིས་རང་ཉིད་ཀྱི་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ་ཤེས་ཡོད། ཕྱུགས་རིགས་འཚོས་ནས་མཐའ་མཚམས་ལོ་34སྲུང་རིང་། ཁོང་ས་ཆ་དེ་ནས་ཁ་གཏན་ནས་བྲལ་མྱོང་མེད་པ་རེད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོ་ཕའི་སྣེ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད། དུས་རབས་ཕྱེད་ཀ་ཙམ་རིང་ཕ་དང་བུ་མོ་གཉིས་པོས་ཕྱུགས་རིགས་འཚོ་རྒྱུ་གཙོ་བོར་བྱས་ཏེ་མེས་རྒྱལ་གྱི་ས་ཆ་སྤྱི་ལེ་ངོས་གྲུ་མང་པོ་སྲུང་བ་རེད། 

    ཕ་སངས་རྒྱས་ཆོས་འཕགས་ཀྱིས་རྒྱུན་དུ་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལ“གལ་ཏེ་ང་ཚོ་འདི་ནས་སྤོས་ཚེ་རྒྱལ་ཁབ་ཀྱི་ས་ཆ་འདི་སྲུང་མཁན་མེད”ཅེས་བརྗོད་པ་དང་། སྐད་ཆ་དེ་བུ་མོ་གཉིས་ཀྱིས་ཚེ་གང་བརྗེད་མེད། ཁོང་ཚོས་ས་ཆ་སྲུང་བ་ནི་རྒྱལ་ཁབ་སྲུང་བ་ཞིག་ཡིན་པ་ཤེས་ཀྱི་ཡོད།

    ཕྱུགས་འཚོས་ནས་མཐའ་མཚམས་ལ་སྐོར་གཡེང་བྱ་རྒྱུ་དེ་སྒྲོལ་དཀར་དང་གཡང་འཛོམས་ཀྱི་ལོ་མང་རིང་གི་གོམས་གཤིས་སུ་གྱུར་ཡོད། གཅེན་གཅུང་གཉིས་པོ་འཚོ་བ་སྐྱེལ་ཡུལ་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་ལ་གངས་རིའི་འདབས་སུ་་གནས་ཡོད། སྒྲོལ་དཀར་གྱིས“དེ་སྔ་ཕས་མཐའ་མཚམས་ལ་སྐོར་གཡེང་བྱེད་སྐབས་ལམ་བར་དུ་རྒྱལ་དར་འགེལ་གྱི་ཡོད། ཁོང་གི་སྐབས་དེ་དུས་ཀྱི་གོམས་གཤིས་ལྟར་ང་ཚོས་ཀྱང་རྟག་ཏུ་དེ་ལྟར་བྱེད་ཀྱི་ཡོད”ཅེས་བཤད། ཁོང་ཚོའི་ཕ་སངས་རྒྱས་ཆོས་འཕགས་ནས་འགོ་བཙུགས་ཏེ་སྒྲོལ་དཀར་ནང་མི་ཚོས་གོམས་གཤིས་དེ་ལོ་50ལྷག་ཙམ་མཐའ་འཁྱོངས་བྱས་ཡོད། 1963ལོར་ཏང་དང་སྲིད་གཞུང་གིས་རི་ལ་གངས་རིའི་གཞོགས་གཞན་ཞིག་ཏུ་གནས་པའི་ཆུ་གསུམ་གྲོང་ཚོར་ཡུལ་སྨད་བ་ཚོར་སྡོད་ཁང་གསར་པ་བརྒྱབ་ནས་འབྲུ་རིགས་དང་ཕྱུགས་རིགས་སོགས་སྤྲད་པ་རེད། ཡིན་ནའང་སྡོད་ཁང་གསར་པར་སྤོས་པའི་སངས་རྒྱས་ཆོས་འཕགས་ཀྱིས་ཡུལ་སྨད་ནི་རྒྱ་གར་དང་ས་མཚམས་སྦྲེལ་བའི་གྲོང་ཚོ་ཞིག་ཡིན་པས་རྒྱ་གར་བས་རྟག་ཏུ་མཐའ་མཚམས་སུ་རྒྱལ་མཚམས་རྡོ་རིང་སྤོ་གི་ཡོད་སྟབས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དེ་སྔ་སངས་རྒྱས་ཆོས་འཕགས་ཀྱིས་ཁོང་ཚོར་བཀག་འགོག་བྱེད་ཀྱི་ཡོད་པས་ཁོང་ཚོས་སངས་རྒྱས་ཆོས་འཕགས་ལ་འཇིགས་སྣང་སྐུལ་རུང་ཁོང་གིས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད། 1964ལོའི་བོད་ཀྱི་ལོ་གསར་བཏང་ཟིན་མ་ཐག་སངས་རྒྱས་ཆོས་འཕགས་དང་བཟའ་ཟླས་བུ་མོ་གཉིས་སྒལ་པར་འཁུར་ནས་ཕྱུགས་རིགས་འདེད་བཞིན་གངས་རི་བརྒལ་ཏེ་ཡུལ་སྨད་དུ་རང་འཇགས་སྤོས་པ་དང་སྐབས་དེ་དུས་ཡུལ་སྨད་ལ་སྤོ་མཁན་ཁོང་ཚོའི་ཁྱིམ་ཚང་མ་གཏོགས་མེད།

    འཚོ་བའི་ཆ་རྐྱེན་སྐྱོ་ཙམ་ཡོད་མོད། འོན་ཀྱང་ཕྱུགས་འཚོས་ནས་མཐའ་མཚམས་ལ་སྐོར་གཡེང་དང་རྒྱལ་དར་འགེལ་རྒྱུ་དེ་སངས་རྒྱས་ཆོས་འཕགས་ཀྱི་གོམས་གཤིས་སུ་གྱུར་ཡོད། ཁོང་ཚོས་དེ་ལྟར་ཡུལ་སྨད་དུ་ཕྱུགས་འཚོས་ནས་མཐའ་མཚམས་ལ་སྐོར་གཡེང་བྱས་པ་དང་གཡང་འཛོམས་ལོ་29དང་སྒྲོལ་དཀར་ལོ་35ལ་སླེབས་སྐབས་གཞི་ནས་སོ་སོའི་ཁྱིམ་ཚང་ཟིན་པ་རེད། གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ནི་ཡུལ་སྨད་ཤང་ནས་ཕྱིར་སྐྱོད་མཁན་དང་པོ་དེ་ཡིན་ལ། ཡུལ་སྨད་ཤང་དུ་ཕྱིར་ལོག་བྱེད་མཁན་སློབ་གྲྭ་ཆེ་མོ་བ་དང་པོ་དེའང་ཡིན་པ་རེད། གཡང་འཛོམས་ཀྱིས“བུ་སློབ་གྲྭ་ཐོན་སྐབས་ང་ཚོས་བུ་ལ་སྤོ་ལགས་འདས་པོའི་རེ་འདུན་ལྟར་ཡུལ་སྨད་དུ་ཕྱིར་ལོག་ནས་ཡུལ་སྨད་བརྟན་སྲུང་བྱེད་རེ་བཏོན་པ་ཡིན”ཞེས་བཤད། བསོད་ནམས་དོན་གྲུབ་2017ལོར་གཞུང་ལས་པར་རྒྱུགས་འཕྲོད་པ་དང་ད་ཆ་ཡུལ་སྨད་དུ་ལས་ཀར་སྐྱོད་བཞིན་ཡོད་པ་རེད།

    2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པས་ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུང་རྒྱུ་ནི་འགན་འཁྲི་ཡིན་ཞེས་པའི་ཁྱེད་ཚོའི་སྐད་ཆ་དེ་དག་དངོས་གནས་ཡག་པོ་འདུག རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་ལ། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་འབྲོག་པ་མང་ཚོགས་སྔར་བས་མང་བའི་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་བཞིན་་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩྭ་བ་ཚུགས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད། 2018ལོར་ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་སྤྱི་ཚོགས་ཡོངས་སུ་དྲིལ་བསྒྲགས་བྱས་པ་དང་ཁོང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲད་པ་རེད།

    སྒྲོལ་དཀར་ནང་མི་ཚོའི་སྣེ་ཁྲིད་འོག་ད་ཆ་ཡུལ་སྨད་ཤང་གི་དུད་ཚང་9ཡི་མི་32ཚང་མ་འོས་འགན་མཐའ་སྲུང་བ་ཡིན་པ་དང་མཐའ་མཚམས་ལ་སྐོར་གཡེང་དང་སྲུང་སྐྱོང་བྱ་རྒྱུ་དེ་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད། མི་ཚོས་རི་ལ་གངས་རིའི་འདབས་ཀྱི་ཡུལ་སྨད་ས་ཁྱོན་ཧ་ཅང་ཆེན་པོ་ཡིན་ཏེ། རྒྱལ་ཁབ་ཁག་གཅིག་གི་རྒྱ་ཁྱོན་ལས་ཆེ་བ་ཡོད། ཡུལ་སྨད་ཧ་ཅང་ཆུང་ཆུང་ཡིན། ལོ་སུམ་ཅུ་ལྷག་ཙམ་རིང་འཚོ་བ་སྐྱེལ་མཁན་ཁྱིམ་ཚང་གཅིག་རང་ལས་མེད་ཅེས་ཤོད་ཀྱི་ཡོད། ཁྱིམ་ཚང་གཅིག་དང་མི་རབས་གསུམ་གྱི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་བརྟན་སྲུང་ལས་ང་ཚོར་ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ་དང་། མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་མི་ཤོར་བ་བྱེད་དགོས་པའི་གསལ་བཤད་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།