[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལ་གངས་ལྗོངས་ས་མཐོར་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-04

    2019ལོའི་ཟླ་12ཚེས་31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་ཤིས་ཚིག་ལ་གངས་ལྗོངས་ས་མཐོའི་དཀྱིལ་དབུས་སུ་གནས་པའི་ནག་ཆུར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་ལས་བྱེད་པ་དང་མང་ཚོགས་ཚོས་བལྟས་རྗེས་ཞི་ཅིན་ཕིང་གི་བཀའ་མོལ་བྱམས་བརྩེ་ཆེ་ལ་དྲོ་སྐྱིད་ལྡན་པ་དང་། སྟོབས་ཤུགས་ཀྱིས་ཁེངས་པ། ཡིད་ཆེས་འཕེལ་བ། སྐུལ་མ་ཆེན་པོ་ཐེབས་པ་བཅས་འདུག་ཅེས་བཤད་པ་དང་། ལོ་གསར་གྱི་ཤིས་ཚིག་ཉན་རྗེས་མི་དམངས་དུང་ཕྱུར་ཁྲི་ཡིས་ཀྲུང་གོའི་འབད་འབུངས་མདུན་སྐྱོད་ཀྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་ཚད་མྱོང་རོལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་འགྲོ་བའི་ཉམས་འགྱུར་ཉམས་སུ་མྱོང་བ། ཕུགས་འདུན་མངོན་འགྱུར་ཟམ་མི་ཆད་པར་ཡོང་བའི་རེ་སྒུག་དང་གདེང་ཚོད་དེ་བས་བརྟན་པོ་བཅས་བྱུང་ཡོད། གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཕུར་བཟོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཀྲི་ཧུང་ཝེས་ལག་ཁྱེར་ཁ་པར་ནས་ལོ་གསར་གྱི་ཤིས་ཚིག་བལྟས་ཤིང་། “ངེད་ཚོའི་གྲོང་ཚོ་རྒྱལ་ལམ་109ཡི་ལམ་བརྒྱུད་དུ་ཆགས་པ་དང་ད་ཆ་དབུལ་སྒྲོལ་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང‘དཀའ་ངལ་དང་འགོག་རྐྱེན་ཇི་ཙམ་འཕྲད་ཚེ་ང་ཚོས་དེ་ཙམ་གྱིས་མདུན་སྐྱོད་བྱེད་དགོས’ཞེས་གསུངས་ཡོད། འཕེལ་རྒྱས་བཏང་ཚེ་གཞི་ནས་དབུལ་སྒྲོལ་ཐུབ་པ་དང་འཕེལ་རྒྱས་ལ་བརྟེན་ན་མི་སེར་ཚོར་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་ང་ཚོས་གསལ་པོ་ཤེས་དགོས”ཞེས་བཤད་པ་དང་ཁོང་གིས“ང་ཚོས་རྒྱལ་ལམ་དང་སྦྲེལ་བའི་ལེགས་ཆ་བེད་ཡག་པོ་སྤྱད་དེ་འབྲོག་པ་མང་ཚོགས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་ཏན་ཏིག་བཏང་སྟེ་མི་སེར་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་བྱས་ཐོག་འབྱོར་འབྲིང་མངོན་འགྱུར་བྱེད་དགོས”ཞེས་བཤད།

    “གནམ་ལོ་གསར་ཚེས་ཀྱི་སྔ་རོལ་དུ་ངའི་གྲོགས་ཚོགས་ནང་སྤྱི་ཁྱབ་ཧྲུའུ་ཅིའི་ལོ་གསར་གྱི་ཤིས་ཚིག་བརྒྱུད་བསྐུར་བྱེད་མཁན་གྱིས་ཁེངས་པ་དང་2019ལོ་ནི་མེས་རྒྱལ་དང་རྒྱལ་ཡོངས་མི་དམངས་ཀྱིས་དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་ཁྲོད་འབད་འབུངས་མདུན་སྐྱོད་དང་སྙིང་སྟོབས་ཆེར་བསྐྱེད་བྱས་པའི་ལོ་ཞིག་རེད། མ་གཞི་དཀའ་ངལ་དང་འགོག་རྐྱེན་མང་པོ་འཕྲད་མོད། འོན་ཀྱང་རི་འཛེག་པ་ཞིག་དང་འདྲ་བར་རླུང་འཚུབ་ཁྲོད་མདུན་སྐྱོད་དང་དཀའ་ངལ་སྔོན་བསུས་ཀྱིས་ཀྲུང་ཧྭ་ཡི་བུ་ཕྲུག་གི་དཀའ་སྡུག་ལ་མི་སྐྲག་པ་དང་སྙིང་རུས་ཆེན་པོས་ཞུན་བརྡར་བྱེད་པའི་མི་རིགས་ཀྱི་དཔའ་ཉམས་མངོན་པར་བྱས་པ་དང་སྤོབས་སེམས་སྐྱེ་འོས་པའི་དམིགས་ཚད་རེ་རེ་བཞིན་མངོན་འགྱུར་བྱས་ཡོད”ཅེས་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་གཞོན་པ་ཡོན་ཧའོ་ཅེས་བཤད།

    བཙོ་སྦྱངས་ཐེངས་མང་མ་བྱས་ཚེ་ངར་ལྕགས་གྲུབ་མི་སྲིད་པ་དང་ལོ་ངོ་ཁྲི་ཡི་འཁྱགས་པ་མ་ཆགས་ཚེ་ཕུ་མ་བྱང་ཐང་གི་མཛེས་སྡུག་ཉམས་ལྡན་གྱི་འཁྱགས་རོམ་གྲུབ་མི་སྲིད། ཡོན་ཧའོ་ཅེས་ན་ནིང་ང་ཚོས་ཀྲུང་དབྱང་གི་འབོད་སྐུལ་ལ་ཉན་པ་དང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་ཞུས་ཏེ་གངས་ལྗོངས་ས་མཐོའི་མཐའ་མཚམས་འགག་སྒོ་བརྟན་སྲུང་བྱེད་པའི་མཐའ་སྲུང་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཞིག་ནས་ལས་འགན་དང་འགན་འཁྲི་མི་འགྱུར་བར་སྔར་བཞིན་མཐོ་གྲང་གསོ་རླུང་མི་འདང་བ་དང་མི་དམངས་ཀྱི་དཀའ་ངལ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་མཁན་བོད་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པར་གྱུར་ཡོད། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མཐའ་མཚམས་མངགས་གཏོང་ཁང་གི་ཁོངས་མི་ཞིག་གི་ངོས་ནས་ལམ་ལུགས་བསྒྱུར་ཡང་ཐོག་མའི་བསམ་འདུན་བསྒྱུར་མེད་པ་དང་དམག་ཆས་བསྒྱུར་ཡང་ངོ་བོ་མི་འགྱུར་བའི་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག“2019ལོར་ང་ཚོས་སྨི་5000ཙམ་ཡོད་པའི་མི་མེད་ཁུལ་དུ་སྤུན་ཟླ་20ཡི་ཚེ་སྲོག་བསྐྱབས་པ་ཡིན། རྒྱལ་ཁབ་སྟོབས་འབྱོར་ལྡན་པར་གྱུར་བས་ཆ་རྐྱེན་ཧ་ཅང་ཞན་པའི་ཕུ་མ་བྱང་ཐང་གི་འཁྱགས་རོམ་ཁུལ་དུའང་བརྡ་རྟགས་མཐོ་ལྕོག་སྒྲིག་སྦྱོར་བྱས་སྟབས་ང་ཚོས་སླད་ཕྱིན་སྐྱོབ་རོགས་ལས་དོན་དེ་བས་ཡག་པ་སྤེལ་ཐུབ་རྒྱུ་རེད”ཅེས་ཡོན་ཧའོ་ཅེས་བཤད།

    ཟླ་12ཚེས་31ཉིན་གྱི་དགོང་མོའི་ཆུ་ཚོད་7པར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འབུམ་མོ་ཆེ་སྡེ་ཁུལ་དུ་གྲོང་མི་དང་ལས་བྱེད་ལས་བཟོས་བརྙན་འཕྲིན་མདུན་དུ་རུབ་རུབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཉན་པ་དང་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལས་སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་སྣང་སྦྱིན་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་འཚང་ཁ་ཤིག་ཤིག་ངང་བཤད།

    བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འབུམ་མོ་ཆེ་སྡེ་ཁུལ་གྱི་གྲོང་མི་མཚམས་ལགས་ཀྱིས“2019ལོར་ཀྲུང་གོར་འཇིག་རྟེན་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཐོབ་ཡོད། 2020ལོར་ཀྲུང་གོ་དེ་བས་དར་རྒྱས་སྟོབས་འབྱོར་ལྡན་པར་གྱུར་བའི་རེ་བ་ཡོད་ལ་རང་ཉིད་ཀྱིས་ཀྱང་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་ནས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་ཡིན། ད་ཆ་ང་ཚོའི་མང་ཚོགས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་དུ་ཏང་གི་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད”ཅེས་བཤད། གྲོང་མི་པ་སངས་བུ་ཁྲིད་ཀྱིས“2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་བ་དང་རྒྱལ་ཁབ་སྟོབས་འབྱོར་ཇེ་ཆེར་ཕྱིན་ཡོད། 2020ལོར་ཚང་མ་ལུས་བདེ་སེམས་སྐྱིད་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་འབུམ་མོ་ཆེན་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་ས་གནས་སུ་བཅའ་སྡོད་དཔུང་སྡེ་དང་། ཉེན་དོན་ས་ཚིགས། བོད་ལྗོངས་དགེ་སྒྲུབ་སྤྱི་ཕན་སྤྱི་ཚོགས་རྩ་འཛུགས། མཉམ་ལས་ཁང་སོགས་དབར་མཉམ་སྐྲུན་ཚན་པ་གྲུབ་ནས“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འགྲེམས་ཁང”དང་། “ཏང་གི་ལོ་རྒྱུས་དང་སློབ་གསོའི་ལོ་རྒྱུས” “བྱིས་པའི་ཁྱིམ”“ལས་ཞུགས་ཞབས་ཞུ་ལྟེ་གནས”“དམངས་ཕན་ཞབས་ཞུ་ཁང”བཅས་ཀྱི་བྱེད་སྒོ་སྤེལ་ཡུལ་བསྐྲུན་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ་ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོ་གཞི་རྟེན་དང་སྡེ་ཁུལ་གྱི་མང་ཚོགས་ཞབས་འདེགས་ཞུ་ཡུལ་དུ་བརྩིས་ནས་ལས་ཞུགས་ལས་གཏོད་ཀྱི་ཞབས་འདེགས་དང་། ན་སོ་དར་ལ་མ་བབས་པའི་མིའི་སློབ་གསོ། བོད་རྒྱ་སྐད་གཉིས་ཟུར་ཁྲིད། རྒྱུན་མཁོའི་སྨན་རྫས་དང་དོད་དྲག་སྐྱོབ་བཅོས་སོགས་དམངས་ཕན་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཞབས་ཞུ་རྣམ་པའི་སྡེ་ཁུལ་བསྐྲུན་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་སྔར་བས་ཆེ་རུ་ཕྱིན་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་2019ལོར་ང་ཚོས་རྔུལ་ཆུར་བརྟེན་ནས་གྲུབ་འབྲས་བཏོད་པ་དང་དངོས་སྒྲུབ་ལ་བརྟེན་ནས་མདུན་སྐྱོད་བྱས་ཡོད་ཅེས་གསུངས་པ་རེད། ལོ་དེར་འབུམ་མོ་ཆེ་སྡེ་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་དཀའ་ངལ་སྔོན་བསུས་བྱས་པས་དབུལ་སྒྲོལ་འགག་སྒྲོལ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ཚང་མས་མུ་མཐུད་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་གཞིས་རྩེའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་འཚང་ཁ་ཤིག་ཤིག་ངང་བཤད།

    ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ལོ་30ལ་སླེབས་པའི་འགྲུལ་སྐྱེལ་ལས་རེས་པ་ཚེ་རིང་བདེ་སྐྱིད་ཀྱིས་ལྷ་ས་ནས་ཁྲུང་ཆིང་བར་གྱི་མེ་འཁོར་Z224ཐོན་མ་ཐག་བྲེལ་འཚུབ་ཆེན་པོས་མེ་འཁོར་སྒུག་ཁང་དུ་ཡོང་ནས་འགྲུལ་པ་ཚོ་དང་བརྙན་འཕྲིན་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་ལོ་གསར་གྱི་ཤིས་ཚིག་ལྟ་རྒྱུར་སྒུག

    ཚེ་རིང་བདེ་སྐྱིད་ཀྱིས“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོས་དུས་ཚོད་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་བྱས་ཏེ་སྤྱི་ལོ་2020ལོ་མཉམ་དུ་བསུ་བ་ཞུ་དགོས་ཞེས་གསུངས་མ་ཐག་མེ་འཁོར་སྒུག་ཁང་དུ་དགའ་འབོད་ཀྱི་སྒྲས་ཁེངས་པ་དང་རང་ཉིད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་བས་ཁེངས་པ་མ་ཟད་ཕ་ཡུལ་དུ་ལོག་མཁན་འགྲུལ་པའི་སེམས་ཤུགས་ཀྱང་ཆེས་ཆེར་འཕེལ། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་རླབས་ཆེན་མེས་རྒྱལ་ལ་གྲུབ་འབྲས་ཆེན་པོ་དེ་ལྟ་བུ་ཐོབ་པར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག བོད་ཀྱི་རི་ཁུལ་ནས་ཡོང་བའི་ལས་བཟོ་ཞིག་གི་ངོས་ནས་ལོ་ལྟར་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་མཐའ་འཁོར་ཁོར་ཡུག་ལ་འགྱུར་ལྡོག་གསར་པ་བྱུང་བ་མཐོང་བ་དང་ཕ་ཡུལ་གྱི་འཕེལ་རྒྱས་དང་ཡར་རྒྱས་མཐོང་སྐབས་རང་ཉིད་ལ་བདེ་སྐྱིད་ཚོར་སེམས་ཆེན་པོ་ཡོང་གི་འདུག ངས་མུ་མཐུད་འབད་བརྩོན་བྱས་ཏེ་ལོ་གསར་པའི་ནང་འགྲུལ་པར་ཞབས་འདེགས་ཡག་པོ་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བ་དང་རང་ཉིད་ཀྱི་ལང་ཚོ་སྟོང་ཟད་དུ་གཏོང་རྒྱུ་མིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།