[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་ལག་ཤེས་བཟོ་ལས་ཀྱི་སྤུས་ཀ་ལེཌ་སུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲེང་ལུའུ།    |    སྤེལ་དུས།   2017-05-19

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཐོན་རྫས་ཁག་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད། ཡིན་ནའང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་སྔར་བཞིན་གནད་དོན་ཁག་གཅིག་གནས་པ་སྟེ། ཁྲོམ་རའི་འགྲན་རྩོད་ཉམས་ཞན་དུ་ཕྱིན་པ་དང་། རྒྱུན་འཛིན་པ་དཀོན་པ། ཞིབ་སྤེལ་ནུས་པ་ཞན་པ། སྤུས་རྟགས་ཀྱི་འདུ་ཤེས་ཞན་པ་སོགས་རེད།

    ཇི་ལྟར་བྱས་ཏེ་མི་རིགས་ལག་ཤེས་བཟོ་ལས་ཀྱི་སྤུས་ཀ་ལེགས་སུ་གཏོང་དགོས་སམ་ཞེ་ན། རིག་གནས་ཀྱི་སྣ་མང་རང་བཞིན་ཡིན་ནའང་འདྲ་ཡང་ན་དཔལ་འབྱོར་ཕན་འབྲས་གང་ཞིག་ཡིན་རུང་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    དང་ཐོག ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ངེས་པར་དུ་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་ཁྲོད་ལག་རྩལ་གསར་གཏོད་བྱེད་དགོས། མིག་སྔར་བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་སྔར་བཞིན་ཁྱབ་རྒྱ་ཆེ་བའི་ཁྱིམ་ཚང་བཟོ་ཁང་རྣམ་པའི་སྲོལ་རྒྱུན་ལག་རྩལ་གཙོ་བོ་ཡིན་པས་ལག་རྩལ་དེ་ཙམ་མཐོ་པོ་མེད། བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་སྲོལ་རྒྱུན་ལག་རྩལ་ནས་དེང་རབས་ལག་རྩལ་ཕྱོགས་སུ་བསྒྱུར་དགོས་ཚེ་སྲོལ་རྒྱུན་ལག་རྩལ་དང་མི་རིགས་ཀྱི་རིག་གནས་ཁྱད་ཆོས་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག་ཐོན་རྫས་ཀྱི་ཐོན་སྐྱེད་ལས་སྣོན་ལག་རྩལ་ལེགས་སུ་དང་བཟོ་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། ཐོན་རྫས་ཀྱི་རིག་གནས་ནང་དོན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་གྲངས་བཅད་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་སྒོ་ནས་ཐོན་སྐྱེད་ཐུབ་པ་བྱས་ཏེ་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་དགོས། གཞན་ཡང་ད་དུང་གསར་གཏོད་ཀྱི་འདུ་ཤེས་བོད་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་དང་རྒྱུན་འཛིན་པའི་བསམ་བློར་ཟུག་པ་བྱེད་དགོས། གང་ལགས་ཤེ་ན། འཇོན་ཐང་ཅན་ནི་མི་རིགས་ལག་ཤེས་བཟོ་ལས་ཡུན་རིང་གོང་འཕེལ་འགྲོ་བའི་བླ་སྲོག་ལྟ་བུ་ཡིན། དེས་རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འཛད་མཐའ་མེད་པའི་སྒུལ་ཤུགས་སྦྱིན་ཐུབ་རྒྱུ་རེད།

    གཉིས་ནས་ཉེ་བའི་ལོ་ཤས་རིང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཅུང་ལེགས་པའི་འཕེལ་ཕྱོགས་ལ་བརྟེན་དགོས་ཤིང་། ཡུལ་སྐོར་ལས་རིགས་དང་མི་རིགས་ལག་ཤེས་བཟོ་ལས་དབར་ཕན་ཚུན་སྐུལ་འདེད་དང་ཐུན་མོང་གོང་འཕེལ་འགྲོ་བའི་འབྲེལ་བ་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པས་བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཚུད་པའི་ཐོན་ལས་གཞན་དག་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། ཡུལ་སྐོར་དྲན་རྟེན་དངོས་རྫས་ཀྱི་ཤུགས་རྐྱེན་འོག་མི་རིགས་ལག་ཤེས་བཟོ་ལས་མང་པོར་གསོན་ཤུགས་གསར་པ་རྒྱས་ནས་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད། དེ་ལས་ཀྱང་དམངས་ཁྲོད་ཀྱི་ལག་ཤེས་པ་དེ་བས་མང་བས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་ཐོན་སྐྱེད་བྱེད་པའི་སྤྲོ་སེམས་འཕེལ་བ་མ་ཟད་ཁོང་ཚོའི་ཡོང་འབབ་ཀྱང་མང་དུ་སོང་ཡོད། ཡུལ་སྐོར་ལས་རིགས་ཀྱིས་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་པ་དང་ཆབས་ཅིག་རང་ངོས་འཕེལ་རྒྱས་ཀྱང་བྱུང་བ་ནི་དངོས་གནས་མདའ་མོ་གཅིག་གིས་ཤྭ་བ་གཉིས་གསོད་པའི་དཔེ་རང་རེད།

    གསུམ་ནས་ས་གནས་དེ་གའི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཀྱི་འགྲེམས་ཚོང་ཁྲོམ་ར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མིག་སྔར། རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་ལ་གཞི་ཁྱོན་ཆུང་བ་དང་ཕན་འབྲས་ཞན་པ་སོགས་ཀྱི་གནས་ཚུལ་ཡོད་པ་དང་སྤྱི་ཚོགས་དང་མི་སྒེར་གྱི་འབྲེལ་བ་ཁོ་ནར་བརྟེན་ཏེ་བཟོ་གྲྭ་ནས་ཐད་ཀར་ཉོ་དགོས་ཀྱི་ཡོད་སྟབས། ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་ལ་ཚད་བཀག་ཆེན་པོ་ཡོད་པ་མ་ཟད། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཀྱང་མཐོ་རུ་འགྲོ་ཡི་མེད། དེར་བརྟེན། མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་འགྲེམས་སྟོན་དང་། བྲིན་ཚོང་། བཟོ་ཁང་བཅས་གཞི་གཅིག་ཏུ་འདུས་པའི་ཁྲོམ་ར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཚེ་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུར་ནུས་པ་གལ་ཆེན་ཐོན་ངེས་རེད་ལ་རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཀྱི་ལམ་བུའང་ཇེ་ཡངས་སུ་འགྲོ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།