[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞོན་ནུས་ལས་གཏོད་བྱེད་ཕོད་པ་བྱེད་དགོས།

  • ཡོང་ཁུངས།      |    རྩོམ་པ་པོ།   བཀྲ་ཤིས་དོན་གྲུབ་ཀྱིས།    |    སྤེལ་དུས།   2017-06-16

    ད་ཕན་ལོ་ཤས་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱི་ལས་གཏོད་ཀྱི་གོ་སྐབས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་འབྲེལ་ལས་གཏོད་ཀྱི་ཁོར་ཡུག་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། 2016ལོར་གཞིས་རྩེ་གྲོང་ཁྱེར་གྱིས“་གཙང་ཁུལ་དུ་ལས་གཏོད་བྱེད། ཡར་ཀླུང་གཙང་པོར་ལང་ཚོའི་གཟི་མདངས་མངོན”ཞེས་པའི་བརྗོད་དོན་གཙོ་བོའི་ལས་གཏོད་འགྲན་བསྡུར་བྱེད་སྒོ་སྤེལ་བར་བརྟེན་གཞོན་ནུའི་ལས་གཏོད་ཀྱི་ཚ་རླབས་འཕྱུར་བའི་ཐོག་གཞོན་ནུ་ཁག་གཅིག་གི་ལས་ཞུགས་ཀྱི་་གནད་དོན་ཐག་གཅོད་ཐུབ་རྒྱུར་སྣེ་ཁྲིད་ཐུབ་པ་དང་འབྲེལ་གཞོན་ནུའི་ལས་གཏོད་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ“གཉིས་གཏོད”ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    གང་འདྲ་བྱས་ཏེ་གཞོན་ནུའི་ལས་གཏོད་ལ་སྐུལ་འདེད་གཏོང་དགོས་སམ། སྨྱུག་འཛིན་པས་ལས་ཀའི་གཙོ་གནད་དེ་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་བཞག་སྟེ་ལས་ཞུགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཏོད་་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ། ལས་གཏོད་ཀྱི་མ་གནས་དང་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱས་ཏེ་ལས་གཏོད་ཀྱིས་རྒྱ་ཆེའི་གཞོན་ནུ་ཚོའི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཞོན་ནུའི་ལས་གཏོད་ཐད་སྲིད་གཞུང་གི་ཐོ་འགོད་ཀྱི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། ལས་གཏོད་ཀྱི་ཐེམ་པ་དམའ་རུ་གཏོང་བ། མ་རྩ་ཐོ་འགོད་དང་གཉེར་སྐྱོང་ཁང་གི་དུས་བཅད་ཐུང་དུ་གཏོང་བ་བཅས་བྱས་ཏེ་ཐོ་འགོད་བྱེད་སྐབས་ལས་གཏོད་གཞོན་ནུར་སྟབས་བདེ་མང་ཙམ་བསྐྲུན་ཏེ་ལས་གཏོད་གཞོན་ནུར་རྒྱབ་སྐྱོར་ཡོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་ཆེར་གཏོང་དགོས། མ་རྩ་དཀོན་པ་ནི་ལས་གཏོད་གཞོན་ནུར་འཕྲད་པའི་ཡོངས་ཁྱབ་ཀྱི་གནད་དོན་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ལས་གཏོད་གཞོན་ནུའི་མ་དངུལ་ཐག་གཅོད་བྱེད་རོགས་བྱེད་དགོས། ལས་གཏོད་ཀྱི་ཐེབས་རྩ་འཛུགས་པ་དང་དངུལ་རྩའི་སྲིད་ཇུས་སོགས་བྱེད་ཐབས་ཀྱི་ཐོག་ནས་ལས་གཏོད་གཞོན་ནུའི་མ་དངུལ་ཐག་གཅོད་བྱས་ཏེ་ཁོང་ཚོའི་ལས་གཏོད་ལ་ཕན་ཡོད་ཀྱི་ཁོར་ཡུག་གཏོད་དགོས། དེ་དང་ཆབས་ཅིག་དངུལ་ཁང་གིས་དངུལ་རྩ་གསར་གཏོད་དང་ལས་གཏོད་ཡིད་རྟོན་དངུལ་བུན་གྱི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་ཉེན་ཁའི་མ་འཇོག་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མཉམ་བསྡུས་བུན་འཛིན། ཀུན་གྱིས་མ་དངུལ་གྲབས་གསོག་སོགས་མ་དངུལ་བསྡུ་སྒྲིལ་གྱི་བྱེད་ཐབས་ཚད་ལྡན་དུ་གཏོང་བ་དང་འཕེལ་རྒྱས་བཏང་སྟེ་གདམ་ག་ཡོད་པའི་མ་དངུལ་གྲབས་གསོག་གི་ཐབས་ལམ་དེ་བས་མང་པོ་མཁོ་འདོན་བྱེད་དགོས།

    ལས་གཏོད་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཉམས་མྱོང་མེད་པ་དེ་ནི་ལས་གཏོད་གཞོན་ནུའི་ཞན་ཆ་ཡིན། གཞིས་རྩེ་གྲོང་ཁྱེར་གྱིས་ལས་གཏོད་གཞོན་ནུར་ལས་གཏོད་རྩལ་ནུས་གསོ་སྦྱོང་བྱེད་པ་དང་འབྲེལ་ལས་གཏོད་ཀྱི་བརྒྱུད་རིམ་ནང་སྤུས་ལེགས་ཀྱི་ཇུས་འདྲི་དང་ཟུར་ཁྲིད་ཞབས་ཞུ་མཁོ་འདོན་བྱས་ཏེ་བཙུགས་མ་ཐག་པའི་ཁེ་ལས་རྐང་པ་ཚུགས་ཐུབ་པ་དང་འབྲེལ་སྟོབས་ཆེར་འགྲོ་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་ལས་གཏོད་གཞོན་ནུའི་མཐུན་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་འཛུགས་རྒྱུར་ཁྲིད་སྟོན་དང་ལས་གཏོད་གཞོན་ནུ་ཕན་ཚུན་སྤེལ་རེས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཞོན་ནུ་རྣམས་ཀྱི་ལས་གཏོད་མོས་སེམས་དང་གཏོགས་སེམས་ཆེ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།