[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་སྡོད་ལས་དོན་རུ་ཁག་གི་འགག་རྩའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-18

    ཟླ་དྲུག་པར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཉིང་ཁྲིའི་གཞི་རིམ་དུ་གཏིང་ཟབ་སྤེལ་བ་དང་སྦྲགས། དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་སྒྲོག་འགྲེལ་དང་སློབ་སྦྱོང་སློབ་གསོའི་བྱེད་སྒོ་བོད་ཀྱི་ཤར་ལྷོའི་ཁུལ་དུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པའི་རིང་གསར་འགོད་པས་སྒྲོག་འགྲེལ་གཏིང་ཟབ་བྱུང་མིན་དང་། བྱེད་ཐབས་སྣ་མང་ཡིན་མིན། མི་སེར་གྱིས་གོ་བ་ལོན་མིན་བཅས་ནི་གྲོང་སྡོད་ལས་དོན་རུ་ཁག་དང་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཡོད་པ་དང་། དེ་ལས་གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་འགག་རྩའི་ནུས་པ་ཐོན་གྱི་ཡོད་པ་ཤེས་རྟོགས་ཐུབ་ཡོད། འོ་ན་ཇི་ལྟར་བྱས་ཏེ་གྲོང་སྡོད་ལས་དོན་རུ་ཁག་གི་འགག་རྩའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ལ་སྔར་བས་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས་སམ། སྨྱུག་འཛིན་པས་གཤམ་གསལ་ལྟར་སྒྲུབ་དགོས་པའི་ངོས་འཛིན་བྱས་པ་སྟེ།

    དང་པོ་གྲོང་སྡོད་ལས་དོན་རུ་ཁག་གི“སྒྲིག་འཛུགས་པའི”ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། སྒྲོག་འགྲེལ་བྱེད་སྒོ་གཙོ་བོ་ནང་དོན་ལ་ཐུག་པ་དང་འགག་རྩ་ནི་སྤེལ་སྟངས་ལ་ཐུག་ཡོད། ཡིག་ཆ་སྒྲོག་སྦྱངས་བྱེད་པ་ཙམ་ལས་ནང་དོན་ཞིབ་ཚགས་གསལ་པོ་མ་བཤད་ན་ཞིང་འབྲོག་མང་ཚོགས་ཀྱི་ཡིད་དབང་འགུག་མི་ཐུབ་ལ། མི་དང་དངོས་པོ་འཕྲོ་བརླག་ཕྱིན་ནས་སྒྲོག་འགྲེལ་ལ་ཕན་འབྲས་ཐོན་མི་སྲིད། གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲོག་འགྲེལ་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་འབྲེལ་བ་ཡོད་པའི་རིག་རྩལ་འཁྲབ་སྟོན་དང་། གསར་བརྗེའི་གླུ་གཞས་འགྲན་བསྡུར། བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན། དྲིན་ཚོར་གློག་བརྙན་སྟོན་པ་སོགས་ཀྱི་བྱེད་སྒོ་མང་ཙམ་སྤེལ་བ་དང་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་དང་འགྲན་བསྡུར་ཚང་མར་མང་ཚོགས་ཀྱི་དགའ་སྣང་ཐོབ་ནས་མི་སེར་གྱིས་དགའ་སྤྲོ་འཁོལ་བའི་རྣམ་པའི་ཁྲོད་སྒྲོག་འགྲེལ་ཉན་ཐུབ་ཡོད།

    གཉིས་ནས། གྲོང་སྡོད་ལས་དོན་རུ་ཁག་གི“འབྲེལ་གཏུག་པའི”ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས་མི་སེར་དང་གོང་རིམ་དབར་སྙན་སེང་བརྒྱུད་བསྒྲགས་དང་མཐུན་སྦྱོར་འདུམ་སྒྲིག་གི་ནུས་པ་ཐོན་གྱི་ཡོད། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་དམངས་ཕྱུག་བྱེད་ཐབས་ཁག་འཕྲལ་མར་མི་སེར་ལ་བརྒྱུད་བསྒྲགས་བྱེད་པ་དང་མི་སེར་གྱི་འདུན་པ་ཡང་དུས་ཐོག་ཏུ་སྙན་སེང་ཞུ་དགོས། སྒྲོག་འགྲེལ་ཐེངས་གཅིག་བྱེད་པ་ནི་གཏམ་བརྗོད་ཟློས་གར་ཐེངས་གཅིག་འཁྲབ་པ་ལྟར་ཡིན་པས་གསོན་ཉམས་དོད་པའི་འཁྲབ་སྟོན་བྱས་ཚེ་མི་སེར་གྱིས་གཞི་ནས་ཉན་འདོད་དང་ལྟ་འདོད་བྱེད་སྲིད། སྒྲོག་འགྲེལ་བྱེད་རིང་སྒྲོག་འགྲེལ་པ་ཁ་ཤས་ཀྱིས་ཕྱི་ཚུལ་ཙམ་ལས་ནང་དོན་ལ་ལྷོད་གཡེང་བྱེད་པ་དང་བརྒྱུད་རིམ་ཙམ་ལས་ཕན་འབྲས་ལ་ལྷོད་གཡེང་བྱས་ཏེ་སྒྲོག་འགྲེལ་གྱི་སྐད་ཆ་དེ་གཞུང་ཕྱོགས་ཅན་དང་ཆབ་སྲིད་ཅན་དུ་འགྱུར་དྲགས་པས་མི་སེར་གྱིས་ཉན་འདོད་མེད་པ་མ་ཟད། གོ་བའང་ལེན་ཁག་པོ་ཡོད་པ་རེད། སྐབས་དེ་དུས་གྲོང་སྡོད་ལས་དོན་རུ་ཁག་གིས་དུས་ཐོག་ཏུ་སྒྲོག་འགྲེལ་པ་དང་འབྲེལ་གཏུག་ཡག་པོ་བྱས་ཏེ་གོ་བདེ་ཤེས་སླ་དང་མང་ཚོགས་ཀྱིས་རྒྱུས་མངའ་ཆེ་བའི་སྐད་ཆའི་ཐོག་ནས་མི་སེར་གྱི་རྣ་བར་སྤྲོ་ལ་སེམས་སུ་ཟུག་བདེ་བའི་སྒྲོག་འགྲེལ་ཞིག་བྱས་ཚེ་གཞི་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོར་དངོས་ཕན་ཐོབ་པའི་འགན་ལེན་བྱེད་ཐུབ།

    གསུམ་ནས་གྲོང་སྡོད་ལས་དོན་རུ་ཁག་གི“རྗེས་གྲབས་སྒྲོག་འགྲེལ་པའི”ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། སྒྲོག་འགྲེལ་གྱི་ཁོངས་མི་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱིས་ཏང་གི་གསུང་སྒྲ་ཐོས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཏང་གི་གསུང་སྒྲ་མི་སེམས་ལ་ཟུག་པ་དང་ཚུར་སྣང་ལན་ཆ་ལེགས་པོ་ཡོང་བ་བྱེད་པར་གྲོང་སྡོད་ལས་དོན་རུ་ཁག་ལ་བརྟེན་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས་ཡུན་རིང་མི་སེར་གྱི་མཐའ་འཁོར་དུ་བསྡད་པ་དང་ཞིང་བྲེལ་སྐབས་སུ་རུ་མིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་མི་སེར་ལ་སྒྲོག་འགྲེལ་བྱེད་དགོས་པ་དང་། ཏང་ཡོན་གྱི་ཚོགས་ཆེན་སྐབས་མི་སེར་ལ་སྒྲོག་འགྲེལ་བྱེད་དགོས་པ། གྲོང་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཁོང་ཚོར་སྒྲོག་འགྲེལ་བྱེད་དགོས་པ་བཅས་མདོར་ན་ཁོམ་པ་ཡོད་ཚད་སྤྱད་དེ་དུས་དང་རྣམ་པ་ཀུན་ཏུ་སྒྲོག་འགྲེལ་དང་གང་སར་སྒྲོག་འགྲེལ་བྱས་ཏེ་མི་ཚང་མས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་ཤེས་རྟོགས་གང་ལེགས་དང་གོ་བ་ལོན་ཐུབ་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སེམས་ནང་ཟུག་ཐུབ་པའི་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།