[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམ་ལྷོད་ཟུང་འབྲེལ་གྱིས་རླངས་འཁོར་འགན་བཅོལ་གྱི་ཚུལ་མིན་འགྲན་རྩོད་ཀྱི་སྲོལ་ངན་མེད་པ་བཟོ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-18

    ཉེ་ཆར་འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱིས་ཚོང་ལས་རླངས་འཁོར་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་འཕར་ཆག་གི་སྟོན་གྲངས་ཚད་གཞི་དམའ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཏེ་ཁྲོམ་ར་ཅན་གྱི་བྱེད་ཐབས་བརྒྱུད་ཚོང་ལས་རླངས་འཁོར་གྱི་འགན་བཅོལ་གྲོན་དངུལ་ཚད་གཞི་སྔར་བས་དམའ་རུ་གཏོང་རྒྱུ་རེད། རྒྱ་ཆེའི་འཁོར་བདག་གིས་དོ་ཁུར་བྱེད་པའི་ཚོང་ལས་རླངས་འཁོར་གྱི་འགན་བཅོལ་གྲོན་དངུལ་ཚད་གཞི་སྒྱུར་བཅོས་ཐད་སླར་ཡང་གོམ་སྟབས་གསར་པ་སྤོ་ཐུབ་པ་བྱུང་ཡོད།

    2015ལོའི་ཟླ་བ་དྲུག་པར་ཚོང་ལས་རླངས་འཁོར་གྱི་འགན་བཅོལ་གྲོན་དངུལ་ཚད་གཞི་སྒྱུར་བཅོས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཚོད་ལྟའི་ལག་བསྟར་བྱས་ཡོད། འགན་བཅོལ་འགན་འཁྲིའི་ཁྱབ་ཁོངས་ཆེ་རུ་བཏང་བ་བརྒྱུད“འཁོར་རིགས་མི་འདྲ་བར་རིན་གོང་རེ་ཡོད་པ”མངོན་འགྱུར་བྱུང་ནས་འགན་བཅོལ་གྲོན་དངུལ་དེ་ཉེན་ཁ་དང་དངོས་འབྲེལ་སྦྲེལ་མཐུད་ཐུབ་པ་དང“འགན་བཅོལ་གྲོན་དངུལ་མཐོ་ཡང་གུན་གསབ་དམའ་བ”དང“འགན་འཁྲི་མེད་ན་གུན་གསབ་མི་བྱེད་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    སྒྱུར་བཅོས་ཐད་དོ་ཁུར་བྱེད་དགོས་པའི་གནད་དོན་ཁ་ཤས་ཡོད། དཔེར་ན། ལས་རིགས་གཅིག་པའི་དབར་ཚུལ་མིན་གྱི་འགྲན་རྩོད་བྱེད་ཚུལ་ཚབས་ཆེ་རུ་སོང་བ་དང་། ཀུང་སི་ཁ་ཤས་ཀྱིས་འགན་བཅོལ་གྲོན་དངུལ་དམའ་པོའི་སྒོ་ནས་ཚོང་རག་ཐབས་བྱེད་པ། ཐ་ན་དངུལ་སྨར་ཕྱིར་སློག་བྱེད་པ་དང་ཉོ་སྒྲུབ་གཱ་སྤྲོད་པ་སོགས་སྒྲིག་འགལ་བྱེད་སྤྱོད་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་བཀུག་པ། གོང་ཁེ་བའི་རིན་གོང་བརྒྱབ་ཏུ་གུན་གསབ་འགྱངས་ཆད་དང་གུན་གསབ་ཕྲན་ཙམ་ལས་མི་བྱེད་པ་སོགས་ཀྱིས་རླངས་འཁོར་གྱི་འགན་བཅོལ་ཁྲོམ་རའི་འཁོར་རྒྱུག་ལས་ཆོད་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལའང་གནོད་འཚེ་ཕོག་ཡོད།

    རླངས་འཁོར་འགན་བཅོལ་གྱི་འགྲན་རྩོད་ཚད་ལྡན་དུ་བཏང་ནས་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་དང་། འཁོར་བདག་ལ་བདེ་སྡུག་གོང་ཞུ་བྱེད་ས་ཡོད་པ། ལས་རིགས་ལ་བརྩོན་ལེན་བྱ་གཞི་ཡོད་པ་བཅས་བྱེད་དགོས། ཕུགས་ལ་བསམ་བློ་བཏང་ནས་རླངས་འཁོར་འགན་བཅོལ་གྱི་ཚུལ་མིན་འགྲན་རྩོད་ཀྱི་སྲོལ་ངན་མེད་པ་བཟོ་བར་སྒྱུར་བཅོས་གཏིང་ཟབ་ལ་བརྟེན་ནས་རྩ་བཅོས་བྱེད་དགོས། འགན་བཅོལ་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས“འགོ་ལྷུག་པོ་དང་མཇུག་དམ་པོའི”ལྟ་སྐུལ་དོ་དམ་གྱི་བསམ་ཕྱོགས་ཐོག་ནས་སྒྱུར་བཅོས་བྱས་རྗེས་ཀྱི་ཁྲོམ་རའི་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པའི་ལྟ་སྐུལ་དོ་དམ་གྱི་མ་ལག་ཧུར་ཐག་བཏོད་དེ་སྒྱུར་བཅོས་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

    འགོ་ལྷུག་ཏུ་གཏོང་བ་ནི་དབང་ཆ་ལྷུག་ཏུ་གཏོང་བ་དེ་ཡིན། སྲིད་འཛིན་ཆོག་འཐུས་ཉུང་དུ་བཏང་སྟེ་འགན་བཅོལ་ཐོན་རྫས་ཀྱི་རིན་གོང་གཏན་འཁེལ་དབང་ཆ་འགན་བཅོལ་ཀུང་སིར་སྤྲོད་པ་དང་ཐོན་རྫས་འདེམས་དབང་འཁོར་བདག་ལ་སྤྲོད་རྒྱུ་དེ་ཡིན། རླངས་འཁོར་འགན་བཅོལ་ཐོན་རྫས་ཀྱི“སྤུས་གོང་བསྡུར་ཚད”མཐོ་རུ་བཏང་ནས་འཛད་སྤྱོད་པ་དེ་བས་མང་བ་འགན་བཅོལ་ཉོ་རྒྱུའི་ཡིད་དབང་བཀུག་ནས་འཁོར་གཏོང་གོམས་གཤིས་ཡག་པོ་ཡོད་པ་དང་བདེ་འཇགས་ཀྱི་ཟིན་ཐོ་ཡག་པོ་ཡོད་པའི་འཁོར་བདག་གིས་ལུགས་མཐུན་ཁྲིམས་མཐུན་གྱི་དབང་ཆ་ལོངས་སྤྱོད་ཐུབ་པ་བྱེད་དགོས།

    མཇུག་དམ་པོ་བྱེད་པ་ནི་ཟང་ཟིང་དོ་དམ་བྱེད་པ་དེ་ཡིན། ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁར་དོགས་ཟོན་ནན་ཏན་བྱེད་པ་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ལམ་ལུགས་ཀྱི་ཚད་གཞིར་བརྟེན་ནས་གྲོན་དངུལ་རྫུན་བཟོ་དང་སྒྲིག་འགལ་ལག་རྟགས་སྤྲོད་པ་སོགས་ཀྱི་བྱེད་སྤྱོད་གཅུན་འདོམས་བྱེད་དགོས།

    དམ་ལྷོད་ཟུང་འབྲེལ་བྱས་ཏེ་སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་རླངས་འཁོར་འགལ་བཅོལ་འཛད་སྤྱོད་པ་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་དགོས། འགན་བཅོལ་ཀུང་སིས་སྒྱུར་བཅོས་ཀྱི་བླང་བྱ་དང་འཚམ་པ་དང་ལུགས་མཐུན་གཉེར་སྐྱོང་གི་མཐའ་ཚད་བརྟན་པོ་བསྲུངས་ནས་ཉེན་འགོག་ནུས་པ་དང་གུན་གསབ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས་དམངས་ལ་ཕན་པ་དངོས་སྦྱིན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།