[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་ཡོན་ལས་བྱེད་པའི“ཉམས་འགྱུར”མངོན་པར་བྱེད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   གསར་འགོད་པ། ལིའུ་ཡུས་གོ་དང་ལེའང་ཞའོ་ཆིང་གིས།    |    སྤེལ་དུས།   2017-09-11

    ཉེ་ཆར། སི་ཁྲོན་གྱི་ལོ་སྟོད་ཀྱི་GDPགྲངས་གཞི་ཐོན་ཞིང་། 8.2%ཀྱི་མྱུར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.3མཐོ་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད“སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་བརྩོན”གྱི་འཁོར་རྒྱུག་རྣམ་པ་མངོན་ཡོད།

    འདི་ལོའི་ཟླ་6ཚེས་19ཉིན། ཁྲེང་ཏུའུ་གྲོང་ཁྱེར་དང་ཅུས་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་དཔེ་ཀློག་འཛིན་གྲྭ་མཇུག་འགྲིལ་བའི་མཛད་སྒོ་མཇུག་འགྲིལ་མ་ཐག་ཆུས(གྲོང་ཁྱེར)དང་རྫོང་གི་ཐོན་ལས་ཅན་གྱི་རྣམ་གྲངས་གལ་ཆེན་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་ཚོགས་འདུ་མཚན་མོའི་ཆུ་ཚོད་10བར་འཚོགས་པ་རེད།

    བལྟས་ན་འབྲེལ་བ་དེ་ཙམ་མེད་པའི་གནས་ཚུལ་དེ་གཉིས་ལས་སི་ཁྲོན་གྱི་ཆབ་སྲིད་སྣོད་བཅུད་ཐད་དགའ་འོས་པའི་འགྱུར་ལྡོག་བྱུང་བ་མཚོན་གྱི་ཡོད། ཆབ་སྲིད་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ནས་ལས་བྱེད་པའི་བྱ་གཞག་གཏོད་པའི་སྤྲོ་སེམས་དེ་བས་འཕེལ་ཡོད།

    སྤྱོད་གཙང་གཞུང་དྲང་དང་བྱ་གཞག་གཏོད་པའི་ཁོར་ཡུག་ཅིག་གྲུབ་པ།

    ཁྲེང་ཏུའུ་ལུང་ཆོན་དབྱི་ཆུས་སུ་ཅི་ལི་ཡི་BMAམི་སྡོད་རླངས་འཁོར་ཁྲི་30ཡི་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐུལ་འདེད་གཏོང་བཞིན་ཡོད། འདི་ནི་ན་ནིང་ལོ་མཇུག་ཏུ། ཅི་ལི་ཡིས་ཁྲེང་ཏུའུ་རུ་བཀོད་སྒྲིག་བྱས་པའི་རླངས་འཁོར་རིགས་གསུམ་གྱི་རྣམ་གྲངས་གྲས་ཤིག་རེད།

    “སི་ཁྲོན་ལ་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང”ཞེས་ཅི་ལི་ཚོགས་པའི་ཏུང་ཧྲི་ཀྲང་ལི་ཧྲུའུ་ཕུའུ་ཡིས་བཤད། ཁོང་གིས་ས་གནས་དེ་གའི་ཁོར་ཡུག་དང་ལྷག་པར་དུ་ཆབ་སྲིད་སྣོད་བཅུད་ལ་བློ་ཧ་ཅང་མགུ་པོ་བྱེད་ཀྱི་ཡོད། འདི་ནི་ཁོར་ཡུག་འཕེལ་རྒྱས་གཏོང་སྐབས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ། ཁེ་ལས་ཡུན་རིང་འཕེལ་རྒྱས་དང་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད།

    མ་འཇོག་ཁོར་ཡུག་འགྱུར་ལྡོག་ཕྱིན་པ་ལས་བྱ་གཞག་གཏོད་པའི་ཁོར་ཡུག་འགྱུར་ལྡོག་ཕྱིན་པ་མཚོན་ཐུབ། སྒྱུར་བཅོས་འཕེལ་རྒྱས་ཀྱི་འཐབ་ས་དང་པོར་སི་ཁྲོན་གྱི་ཏང་ཡོན་ལས་བྱེད་པའི་ཁ་ཕྱོགས་དེ་བས་ཁ་གསལ་བྱུང་བ་དང་། ངར་ཤུགས་དེ་བས་ཆེ་རུ་ཕྱིན་པ། ལུས་ཚུགས་ཏེ་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་བཞིན་པ་བཅས་རེད།

    གྲོང་ཚོ་ནས་རྐང་ཐང་མར་སྤྱི་ལེ་4.5བསྐྱོད་རྗེས་ས་སྒང་ཞིག་ཏུ་སླེབས། དེ་གར་དྭངས་གཙང་ཆུ་མིག་ཤང་ཤང་དུ་རྒྱུག་བཞིན་ཡོད། འདི་ནི་ཀན་ལོ་རྫོང་ཨར་ཤང་ཆེ་མོ་གྲོང་ཚོའི་ཁྱིམ་དུད་370ཡི་རྩ་ཆེའི་ཆུ་འགོ་ཡིན། རེས་གཟའ་ཉི་མར་སླེབས་རིམ་བཞིན་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧྲེན་ཅེས་དེ་གར་སྐོར་ཞིབ་བྱེད་ཀྱི་ཡོད། ལོ་གཉིས་གོང་གྲོང་སྡོད་བྱས་ཚུན། ཧྲེན་ཅེས་ལས་བྱེད་པའི་སྤོབས་པ་བསྐྱུར་ནས་མང་ཚོགས་དང་ཉེ་བཅར་གྱིས་མང་ཚོགས་ལ་བྱ་དངོས་མང་པོ་བསྒྲུབས་ཡོད། ཁོང་གི་སྤྱོད་ཚུལ་དེ་ལས་དེ་སྔ་ཧྲེན་ཅེར་སྒོ་བཀག་མྱོང་ཡོད་པའི་དུད་ཚང་དབུལ་པོ་ཀེ་དབྱི་ཨའི་བུ་རྒན་པས་སེམས་འགུལ་ཐེབས་བཞིན་དུ“ལས་བྱེད་པ་དེ་ཚོ་དངོས་འབྲེལ་ཡག་པོ་འདུག”ཅེས་བཤད།

    སིང་ཀ་ཕོར་ནས་རྒྱལ་ནང་དུ་བྱ་གཞག་གཏོད་པར་ཡོང་བའི་གྲོང་མི་ཐན་ཤིས་ཀྱིས་ཁྲེང་ཏུའུ་ཝུའུ་ཧོ་ཆུས་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་འབྲེལ་ཡོད་འགྲོ་ལུགས་གཉེར་སྐབས་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། “དེ་སྔོན་ཐོས་མྱོང་བའི‘སྒོ་འཛུལ་དཀའ་བ་དང་། མི་འཕྲད་དཀའ་བ། བྱ་བ་སྒྲུབ་དཀའ་བའི’སྣང་ཚུལ་ད་ལྟ་མཐོང་རྒྱུ་མིན་འདུག མི་དང་མིའི་དབར་གྱི་ལྷད་མེད་འབྲེལ་བ་ཉིན་རེ་ལས་མ་འདས་པར་ཟབ་ཏུ་འགྲོ་བ་མ་ཟད། ད་དུང་བྱ་གཞག་གཏོད་པའི་ཁོར་ཡུག་ཀྱང་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་བཤད།

    སྟོན་ཕྱོགས་ཁ་གསལ་དང་ཆུ་ཚད་གཏོད་དེ་མ་འོངས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ།

    ཟླ་8ཚེས་15ཉིན་གྱི་སྔ་དྲོ། ནན་ཁྲུང་གྲོང་ཁྱེར་ནན་པུའུ་རྫོང་ཏ་ཡན་ཤང་ཕུང་ཁན་མིའོ་གྲོང་ཚོར་རྐོ་འདྲུའི་འཕྲུལ་འཁོར་དང་ས་འབུད་འཕྲུལ་འཁོར་ཆེ་གྲས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། རྩྭ་ཞྭ་གྱོན་པ་དང་ངོ་དབྱིབས་སྐམ་ཞིང་ནག་པའི་གཞོན་ནུ་ཞིག་གིས་བྲེལ་འཚུབ་ངང་བཀོད་འདོམས་བྱེད་བཞིན་ཡོད། ཁོང་ནི་ཕུང་ཁན་མིའོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལི་དབྱི་ཧུང་ཡིན། 2015ལོའི་ཟླ་9པར། ལི་དབྱི་ཧུང་གིས་རང་འགུལ་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བསྐྱོད་དེ་ནན་པུའུ་རྫོང་གིས་བཏང་བའི་གྲོང་ཚོ་དབུལ་པོའི་ཧྲུའུ་ཅི་དང་པོ་198ཁྲོད་ཀྱི་གྲས་ཤིག་བྱས།

    འདས་ཟིན་པའི་ལོ་གཉིས་ནང་དེ་སྔོན་གྱི་གྲོང་ཚོ་དབུལ་པོས་ཡུལ་བབ་དང་བསྟུན་ནས་སྨན་རྒྱུ་དང་། ཉ། ཁྱིམ་བྱ་བཅས་ཐོན་ལས་ཆེན་པོ་གསུམ་འཕེལ་རྒྱས་བཏང་ནས་གྲོང་ཚོ་ཡོངས་བརྟན་པོའི་ངང་དབུལ་སྒྲོལ་བྱེད་པའི་ཀ་རྟེན་དུ་གྱུར་ཡོད། གྲོང་ཚོ་ཡོངས་ལ་ཁྱབ་པའི་ཨར་འདམ་ལམ་དུད་ཁྱིམ་ཚང་མའི་སྒོ་འགྲམ་དུ་བསྐྲུན་ནས་ཆུ་གསོག་རྫིང་བུ་དང་ཆུ་འདྲེན་ཡུར་བུ་སོགས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཕུང་ཁན་མིའོ་གྲོང་ཚོ་དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་མཁན་ལི་དབྱི་ཧུང་ཡང་ནན་པུའུ་རྫོང་ཨུད་གཞུང་ལས་ཁང་གི་གྲོང་གསེབ་དཔལ་འབྱོར་རྐང་འཛིན་པུས་ནན་པུའུ་རྫོང་སྒྲིག་ཨུད་ཀྱི་རྒྱུན་ཨུར་གནས་སྤར་བྱས། ཁོང་གིས“རྩ་འཛུགས་ཀྱིས་གནས་སྤར་གནང་བ་དེ་བསམ་ཡུལ་ལས་འདས་སོང་། དེའི་ཐོག་ནས་ལས་བྱེད་པས་མང་ཚོགས་ཀྱི་ཆེད་དུ་ལས་ཀ་བྱས་ནས་ཆུ་ཚད་གཏོད་པ་དང་བྱས་རྗེས་བཞག་ཚེ། མ་འོངས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོང་ངེས་ཡིན་པ་མཚོན་ཐུབ”ཅེས་བཤད།

    ཉེ་བའི་ལོ་གཉིས་རིང་། སྐབས་གསར་པའི་ནན་ཧྲུང་གྲོང་ཨུད་ཀྱིས“འགོ་ཁྲིད་འཚོལ་བ་དང་། རྒྱབ་རྟེན་བཅོལ་བ། བརྡ་གཏོང་བའི”ལས་བྱེད་པ་ཚང་མ“ཐོ་གཞུང་ནག་པོའི”ནང་བཅུག་པ་རེད། ལས་བྱེད་པ་འདེམས་སྤྱོད་བྱེད་སྐབས་ཚུལ་མིན་བྱེད་སྤྱོད་སྤེལ་མཁན་དག་ཐག་གཅོད་ནན་པོ་བྱས་ནས་ཡིག་ཚགས་ནང་བཀོད་དེ་གནས་སྤར་གཏན་ནས་བྱེད་ཀྱི་མེད། 2016ལོ་ནས་བཟུང་། ནན་ཁྲུང་གིས་དབུལ་སྒྲོལ་འགག་སྒྲོལ་དང་རྣམ་གྲངས་འགག་སྒྲོལ་གྱི་འཐབ་ས་དང་པོ་ནས་ཁོའོ་རིམ་པའི་ལས་བྱེད་པ་360གནས་སྤར་དང་མཐོང་ཆེན་བྱས་ཡོད། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་། དཀའ་ཚེགས་ཆེ་ལ་ཐག་རིང་ལུང་ཁུག་ས་ཁུལ། ས་ཁུལ་དབུལ་པོ་བཅས་སུ་ལས་ཀ་བྱེད་བཞིན་པའི་ལས་བྱེད་པ་2130ལྷག་ཙམ་ལ་མཐོང་ཆེན་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།

    ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་བཟོས་ནས་ལག་ལེན་བསྟར་མཁན་ལ་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་པ།

    2016ལོའི་ཟླ་6པར། ལས་ཀའི་འཇོན་ཐང་ཆེ་བར་བརྟེན། སྐབས་དེ་དུས་ཕེང་ཀྲོའུ་གྲོང་ཁྱེར་ཞའོ་ཡུས་ཏུང་གྲོང་རྡལ་ཏ་ནན་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་མ་ཅུན་ཤང་གྲོང་གི་འགོ་ཁྲིད་ཚན་ཁག་ནང་མིང་འདོན་བྱས། གྲོང་མི་གཅིག་གིས་ཁོང་སྒེར་གྱིས་གེགས་རྗེས་བསྐྱར་སྐྲུན་རིང་གི་ཞལ་འདེབས་དངོས་ཟོག་ཁག་གཅིག་རང་དགར་ཐག་གཅོད་བྱས་པའི་སྐོར་སྒྲིག་ཨུད་ལ་བརྗོད་པ་རེད། ཞའོ་ཡུས་ཏུང་གྲོང་རྡལ་སྒྲིག་ཨུད་ཀྱིས་འཕྲལ་མར་ཞིབ་གཤེར་བྱས་པ་བརྒྱུད་ཞལ་འདེབས་བརྒྱབ་པའི་ཐབ་ཆས་300ཡི་ཁྲོད་ནས་ཐབ་ཆས་100སྤྱི་པའི་ཐབ་ཚང་དུ་སྤྱད་པ་དང་ལྷག་མ་200ཏ་ནན་གྲོང་ཚོ་དོ་དམ་ཨུ་ལྷན་གྱིས་ཉར་ཚགས་བྱས་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་གྲོང་རྡལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དབྱང་ཡུང་གིས་འཕྲལ་མར་ཏང་ཡོན་གྱི་འཐུས་མི་དང་། གྲོང་མིའི་འཐུས་མི། གྲོས་བསྡུར་ཨུ་ལྷན་གྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ནས་ཚོགས་འདུ་འཚོགས་ཏེ་ཁུངས་སྐྱེལ་དག་འབུད་བྱས་པ་རེད།

    ཁུར་ཕོད་པ་དང་འགན་འཁུར་མཁན་ལ་འགན་འཁུར་ནས་སྒྱུར་བཅོས་གསར་གཏོད་པར་ལྕག་སྐུལ་བྱེད་པ། ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཏུང་ཧྥུང་གིས་འདས་ཟིན་པའི་ལོ་ལྔའི་ནང་སི་ཁྲོན་སྒྲིག་ཨུད་ལས་ཁུངས་ཀྱིས་མི་ཁྲི་བདུན་ལྷག་ཙམ་ལ་ཆད་གཅོད་བྱས་པ་དང་དུས་མཚུངས། ཏང་ཡོན་ལས་བྱེད་པ་ཁྲི་གཉིས་ལྷག་ཙམ་ལ་ཁུངས་སྐྱེལ་དག་འབུད་བྱས་ཏེ་ཁོང་ཚོའི་སེམས་ཁྲལ་སེལ་རོགས་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    སི་ཁྲོན་ཞིང་ཨུད་ཀྱིས《ལས་བྱེད་པའི་ཧུར་བརྩོན་རང་བཞིན་གང་ལེགས་འཕེལ་བ་དང་སྒྱུར་བཅོས་གསར་གཏོད་དང་བྱ་གཞག་གསར་གཏོད་ལ་ལྕག་སྐུལ་བྱ་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》བཟོས་ནས་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པ་ལག་བསྟར་ནན་ཏན་བྱས་ཏེ་ལས་ཀ་བྱེད་འདོད་མཁན་ལ་གོ་སྐབས་སྤྲད་པ་དང་ལས་ཀ་བྱེད་ཐུབ་མཁན་ལ་གར་སྟེགས་སྤྲད་ཡོད། སི་ཁྲོན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཞིང་ཨུད་ཏང་འཛུགས་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་ཅང་ཐན་པའོ་ཡིས་གྲོང་ཚོ་དབུལ་པོར་བཏང་བའི་ཧྲུའུ་ཅི་དང་པོར་དཔེ་བཞག་ན་ཁོང་ཚོའི་གྲུབ་འབྲས་མངོན་གསལ་དོད་པས་མིག་སྔར་ཞིང་ཆེན་ཡོངས་སུ་མི་1124ཤང་གྲོང་འགོ་ཁྲིད་ཚན་ཁག་ནང་ཞུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།