[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་དགུ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   འདི་ག་ཚགས་པར་ཁང་གི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-11-13

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། དུས་རབས་གསར་པར་རྣམ་པ་གསར་པ་ཡོད་དགོས་ལ་འགན་འཁྲི་ཁུར་སེམས་གསར་པ་དེ་བས་ཡོད་དགོས། དེའི་འགག་རྩ་ནི་རང་རེའི་ཏང་གིས་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཤུགས་ཆེའི་དམག་འཐབ་བྱེད་ནུས་ནམ་ཡང་གནས་པ་བྱེད་དགོས་པ་དེ་ཡིན།

    “ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས”ཞེས་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་འཁྱོངས་བྱས་ནས“ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱི་སེམས་གཏིང་ནས་བརྩི་བཀུར་ཐོབ་པ། རང་ངོས་གསར་བརྗེ་བྱེད་ཕོད་པ། དཀའ་སྡུག་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཞིན་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང”འཛུགས་སྐྱོང་གི་དམིགས་ཚད་ལ་དམིགས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་པ་དང་། རླབས་ཆེན་གྱི་འདུ་འགོད་གསར་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། དེ་ནི་ཏང་གི་སྲིད་འཛིན་ནུས་པ་ཆེ་རུ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་རྩེ་རིམ་ཇུས་འགོད་ཅིག་ཡིན་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་ཀྱང་རེད།

    གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་པར་དང་ཐོག་ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་ཁག་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ཀྱི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་འདུ་འགོད་གསར་པ་དེ་ཡིན་དོན་གང་ཡིན་པར་གོ་བ་གཏིང་ཟབ་ལེན་པ་དང་། རླབས་ཆེན་གྱི་འདུ་འགོད་ལ་སྐུལ་འདེད་གཏོང་བར་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་། “མཐའ་འཁྱོངས་བྱེད་དགོས་པའི་དོན་ཚན་བཅུ་བཞིའི”གཞི་རྩའི་ཐབས་ཇུས་དང་ལྷག་དོན་དུ“ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ”དང་“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པའི”དོན་ཚན་དེ་གཉིས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས“ཏང་ནི་ཏང་སྲིད་དམག་དམངས་སློབ་བཅས་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་བྱེད་མཁན་ཞིག་ཡིན་པའི”ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་གྱི་དུས་རབས་ཀྱི་ནང་དོན་དང“རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི”ཏང་གི་ཆེས་མངོན་གསལ་དོད་པའི་གཤིས་རྒྱུད་ཁོང་དུ་ཆུད་པ་བྱེད་དགོས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཡུན་རིང་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཙོ་རྐང་དེར་དམ་པོར་དམིགས་པ་དང་། ཏང་འཛུགས་སྐྱོང་གི་སྤྱི་འདོམས་དེར་དམ་པོར་དམིགས་པ། ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བའི་དམིགས་ཡུལ་གྱི་རྨང་གཞི་དེར་དམ་པོར་དམིགས་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་ཤུགས་རྒྱག་གཞི་དེར་དམིགས་དགོས། བླང་བྱ་གསར་པ་ཁག་ལ་གོ་བ་དེ་བས་མཐར་ཕྱིན་པ་དང་དེ་བས་གཏིང་ཟབ་བླངས་ཚེ་གཞི་ནས་རང་རྟོགས་ངང་ལག་བསྟར་ཐུབ་ནས་རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་དང་མི་རིགས་ཀྱི་ཀ་རྟེན་ཞིག་ཏུ་འགྱུར་ངེས་ཡིན།

    གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་པར་ཕྱོགས་ཁག་བརྒྱད་ཐད་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་དོན་དངོས་དང་ཟུང་འབྲེལ་གྱིས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་ལྷག་དོན་དུ་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་གི་ཕྱོགས་དེ་གཉིས་ལ་མཐོང་ཆེན་བྱེད་དགོས། ཏང་འཛུགས་སྐྱོང་བརྒྱུད་རིམ་ནང་གི་ཆབ་སྲིད་འཛུགས་སྐྱོང་གི་གནས་བབ་གལ་ཆེན་མངོན་གསལ་དོད་པོ་ཡོང་བ་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཏང་འཛུགས་སྐྱོང་ཨང་དང་པོར་བཞག་ནས་ལས་འགན་གལ་ཆེན་བཀོད་སྒྲིག་བྱས་ཡོད། གང་ལགས་ཤེ་ན། ཏང་འཛུགས་སྐྱོང་བྱེད་རྒྱུ་ནི་ཏང་གི་རྩ་བའི་རང་བཞིན་འཛུགས་སྐྱོང་བྱེད་པ་ཞིག་ཡིན་པ་དང་། ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱེད་ཀྱི་ཡོད་པས་ཡིན། བསམ་བློ་འཛུགས་སྐྱོང་བྱེད་རྒྱུ་ནི་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བླ་སྲོག་ལྟ་བུ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག རང་རེའི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་ཞིག་བཅས་ཡིན། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སྤྱད་ནས་བསམ་བློར་དྲག་ཆས་སྤྲས་ཚེ་གཞི་ནས་ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་བསྒྲུབ་པར་འབད་འཐབ་ལྷོད་མེད་བྱ་རྒྱུར་སྐུལ་འདེད་ཐུབ་ངེས་ཡིན།

    རླབས་ཆེན་གྱི་བྱ་གཞག་ལ་ངེས་པར་དུ་འགྱུར་མེད་སྟོབས་ལྡན་གྱི་ཏང་གིས་འགོ་ཁྲིད་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནུས་ལྡན་བྱས་ནས་རང་ངོས་འཛུགས་སྐྱོང་ཡག་པོ་དང་འཛུགས་སྐྱོང་ཤུགས་ཆེན་བྱས་ཏེ་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་ཐུབ་པའི་འགན་ལེན་བྱས་ཚེ་ང་ཚོས་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་འདུས་པའི་གྲུ་གཟིངས་རླུང་བརྟེན་རླབས་གཤགས་ཀྱིས་མདུན་དུ་བསྐྱོད་ནས་རྒྱལ་ཁའི་ངང་འོད་སྟོང་འཕྲོ་བའི་ཕ་མཐར་སྐྱོད་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།