[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་བཅུ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   འདི་ག་ཚགས་པར་ཁང་གི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-11-14

    “ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་ཡིན”དུས་རབས་གསར་པ་འདི་ནི“ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་དུས་རབས་ཤིག་ཡིན” “མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་གྱི་ཕྱོགས་སུ་སྐྱོད་དགོས”ཞེས་པ་སོགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་སྤྱོད་བཟང་འདུན་ཆེའི་མི་སྣའི་ཕུགས་འདུན་དང་། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན། རང་རེའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱིའི་ལས་འགན་བཅས་ལ་བརྩིས་ནས་མིག་ལམ་དུ་ཡང་ཡང་མངོན་པ་དང་མི་རྣམས་ཞུམ་མེད་མདུན་སྐྱོད་བྱེད་རྒྱུར་སྐུལ་མ་ཐེབས་པ་བྱས་པས། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲིས་ཏང་ཡོངས་ལ་སྐུལ་ལྕག་དང་མི་སེམས་ལ་སྐུལ་མ་ཐེབས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་རྒྱུ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་མི་དམངས་དུང་ཕྱུར་མང་པོས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་རྒྱུའི་འབོད་སྐུལ་བྱེད་དགོས།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པས་ང་ཚོས་གོམ་ཞེང་ཆེན་པོས་མི་རིགས་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ཕྱོགས་སུ་སྐྱོད་དགོས།

    རིགས་པའི་གཞུང་ལུགས་ནི་ཕུགས་འདུན་གྱི་ལམ་སྟོན་བརྡ་རྟགས་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་མཛུབ་ཁྲིད་བྱེད་པའི་ཡང་དག་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་ལོ་རྒྱུས་དང་ལག་ལེན་ནང་ར་འཕྲོད་ཐུབ་ཡོད་ལ་མུ་མཐུད་ཐུབ་རྒྱུ་རེད། རིགས་པའི་གཞུང་ལུགས་འདིའི་གྲུབ་ཆའི་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླ་སྲོག་ལྟ་བུ་ཞིག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་ཤིག་བཅས་རེད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་ཚེ་ང་ཚོས་དེ་བས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་སྒྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་ཐུབ།

    “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་མི་རིགས་བསྐྱར་དར་ཞེས་པ་སྟོང་བསམ་ཞིག་ཡིན་པ་ལྡོག་མེད་རེད”ལོ་96རིང་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་སྒྲུབ་བྱེད་ཆེད་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ཚེ་སྲོག་ཧ་ཅང་མང་པོ་བློས་གཏོང་གིས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་ཐེངས་མང་བཏོད་ཡོད། ལེ་དབར་བརྒྱ་བསྐྱོད་ན་དགུ་བཅུ་ལམ་ཕྱེད་ཡིན་པས་སྐྱོད་དཀའ་བ་ནི་རྗེས་ཀྱི་ལམ་ཐག་དེ་ཡིན། བློ་རྩ་བརྟན་མཁན་དང་། ཞུམ་མེད་མདུན་སྐྱོད་མཁན། འབད་འཐབ་མཁན་བཅས་ལ་ལོ་རྒྱུས་ཀྱིས་ལྟ་རྟོག་བྱེད་པ་ལས་ཐེ་ཚོམ་མཁན་དང་། སྒྱིད་ལུག་ཅན། དཀའ་ངལ་སྐྲག་མཁན་བཅས་བསྒུགས་ནས་སྡོད་མི་སྲིད། དེས་ན་ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་རྟོགས་ངང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྙིང་རུས་ཆེ་བའི་འབད་འཐབ་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་དཀའ་སྤྱད་འབད་འཐབ་དང་ང་རྒྱལ་དང་འཚབ་འཚུབ་སྤོང་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས་དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུར་ནུས་ཤུགས་ཡོད་རྒུས་སྐྱོད་དགོས།

    “ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་རྒྱུ་ནི་ཀྲུང་གོ་བ་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན”ཀྲུང་གོའི་ཕུགས་འདུན་མཐར་གཏུགས་ནས་བརྗོད་ན་མི་དམངས་ཀྱི་ཕུགས་འདུན་ཡིན་པས་ངེས་པར་དུ་མི་དམངས་ལ་བརྟེན་ནས་མངོན་འགྱུར་ཐུབ་པ་བྱེད་དགོས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་རུས་འདྲེས་པའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཚེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དུ་གཏོང་ཐུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་ཐེབས་ནས་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་ཐུབ། ཀང་ཨའོ་ཐའེ་གསུམ་གྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་མི་རིགས་ཀྱི་བདེན་དོན་མཉམ་དུ་བློ་ལ་བཅངས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་བཏང་ཚེ་མི་རིགས་ཀྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་སྟངས་འཛིན་ཐུབ་ངེས་རེད། རྒྱ་ཆེའི་གཞོན་ནུ་ཚོས་བློ་ཁོག་ཆེན་པོས་དུས་རབས་ཀྱི་ཡར་བརྩོན་སྙིང་སྟོབས་ལྡན་པ་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ནང་ལང་ཚོའི་ཕུགས་འདུན་འགྲུབ་རྒྱུར་འབད་འཐབ་དང་མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་བརྒྱུད་རིམ་ནང་མི་ཚེའི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཐར་མི་རབས་ནས་མི་རབས་བར་གྱི་འབད་འཐབ་ཁྲོད་དོན་དངོས་སུ་འགྱུར་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།