[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྩ་ལག་མཉམ་བཅོས་བྱས་ནས་གླ་ཆ་འགྱངས་ཆད་ཀྱི་གཅོང་ནད་གཙང་བཅོས་བྱེད་དགོས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-02-12

    དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ་ས་གནས་ཁག་གིས་གླ་ཆ་འགྱངས་ཆད་ཀྱི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་ནས་རྒྱ་ཆེའི་ཞིང་པ་ལས་མིར་གླ་ཆ་གྲངས་ཚང་རག་ནས་ཕ་ཡུལ་དུ་ལོག་རྒྱུར་རོགས་རམ་བྱས་ཡོད། ཧྲང་ཧའེ་གྲོང་ཁྱེར་ཁོ་ནར་ཟླ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་ཞིང་པ་ལས་མིའི་གླ་ཆ་སྒོར་ཁྲི་3700ཚུར་ལེན་ཐུབ་ཡོད་ནའང་། གླ་ཆ་འགྱངས་ཆད་ཀྱི་གནད་དོན་སྔར་བཞིན་ཐོན་གྱི་ཡོད་པས་གཅོང་ནད་དེ་གཙང་བཅོས་བྱེད་པར་ད་དུང་མུ་མཐུད་འབད་འཐབ་བྱེད་དགོས་པ་མཐོང་དགོས།

    མིག་སྔར་གླ་ཆ་འགྱངས་ཆད་དེ་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་དང་། ངལ་རྩོལ་འདུས་ཚད་ཆེ་བའི་ལས་སྣོན་བཟོ་སྐྲུན། བཟའ་བཏུང་ཞབས་ཞུ་སོགས་ལས་རིགས་སུ་གཙོ་བོར་ཐོན་གྱི་ཡོད་པ་དང་། ལྷག་པར་དུ་བཟོ་སྐྲུན་ཁྱབ་ཁོངས་ནི“ཐོན་མང་ཤོས་ཀྱི་ས་ཆ”དང“གེགས་བར་ཕོག་ཚབས་ཆེ་ཤོས་ཀྱི་ས་ཆ”རེད། དེ་ངལ་རྩོལ་གྱི་ལས་མི་སྤྱོད་ཚད་ཚད་དང་མ་མཐུན་པ་དང་། ཁེ་ལས་འབྲིང་ཆུང་ཁ་ཤས་ལ་ཐོན་སྐྱེད་གཉེར་སྐྱོང་ཐད་དཀའ་ངལ་ཡོད་པ་དང་འབྲེལ་བ་ཡོད་ལ། ཁྱབ་ཁོངས་འགའ་ཤས་ཀྱིས“སྡེབ་རྩིས་རྒྱག་པའི”རྣམ་གྲངས་ལམ་ལུགས་ཀྱི་གཉེར་སྐྱོང་བྱ་ཐབས་དང་ཡང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། རྣམ་གྲངས་ལེགས་སྒྲུབ་ཟིན་རྗེས་ཨར་སྐྲུན་ཚན་པར་ལས་གྲྭའི་དངུལ་ཚང་མ་རག་པའི་གནས་ཚུལ་འོག་ངལ་ལས་ཀུང་སིའམ་ཡང་ན་ཨར་སྐྲུན་ཀུང་སིས་རྟག་ཏུ་ཟླ་རེ་བཞིན་གླ་ཆ་སྤྲོད་ཀྱི་མེད་པས“སྤྲོད་དངུལ་སྔ་འདོན”བྱས་ནས་ཉེན་ཁ་དེ་ཞིང་པ་ལས་མིར་རང་འགན་གཞན་དཀྲི་བྱས་པས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་གྱི་ཡོད། གཅོང་ནད་དེར་དམིགས་ནས་འགག་རྩ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུར་ཐུག་ཡོད། ཨར་སྐྲུན་ཚན་པས་ངེས་པར་དུ་གླ་ཆ་འགན་ལེན་དངུལ་གྱི་ལམ་ལུགས་དང་གླ་ཆ་གཏོང་སྤྲོད་ཀྱི་ལྟ་སྐུལ་ཚོད་འཛིན་གྱི་ལམ་ལུགས་བཟོས་ཏེ། ངེས་པར་དུ་ཁྲིམས་གཏན་འཁེལ་བའི་དངུལ་ལོར་གྱི་བྱ་ཐབས་སྤྱད་ནས་ཞིང་པ་ལས་མིར་གླ་ཆ་སྤྲོད་དགོས་ལ་གླ་ཆ་དེ་ངེས་པར་དུ་ཞིང་པ་ལས་མི་རང་ངོས་ལ་ཐད་ཀར་སྤྲོད་པ་དང་ངལ་རྩོལ་གྱི་ལས་མི་བེད་སྤྱོད་བྱེད་པར་ངེས་པར་དུ་ཚད་ལྡན་གྱི་གན་རྒྱ་འཇོག་པ་དང་ལས་བཟོའི་མིང་ཐོ་བཟོ་དགོས། བྱ་ཐབས་དེ་འདྲ་དངོས་འབྲེལ་དོན་འཁྱོལ་ཐུབ་ཚེ་གཞི་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགོག་སྲུང་དྲ་རྒྱ་བརྟན་པོ་ཞིག་བསྐྲུན་ཐུབ་སྲིད།

    ངལ་རྩོལ་ཐོབ་ཆའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་ནི་རྒྱ་ཆེའི་ཞིང་པ་ལས་མིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཡིན་པ་དེ་སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་དང་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ལོ་མཇུག་གི་གླ་ཆ་འགྱངས་ཆད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ལ་དུས་རྒྱུན་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ངལ་རྩོལ་གྱི་ལས་མི་སྤྱོད་པའི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། གླ་ཆ་སྤྲོད་པའི་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཞན་ཆ་གསབ་པ་སོགས་ལ་ནུས་ཤུགས་ཡོད་རྒུས་ཕྱོགས་བསྡུས་ཐབས་ཇུས་འདོན་དགོས་པ་དང་། རིམ་ཁག་ལས་བྱེད་པས་འགན་འཁྲི་ཕྲག་ཏུ་ཁུར་ཏེ་ལས་དོན་སྔོན་ལ་སྒྲུབ་པ་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་འོས་འཚམ་བྱས་ནས་རྒྱ་ཆེའི་ཞིང་པ་ལས་མིའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།