[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་སེམས་དྲོས་པ་དང་། ཡིད་ཆེས་བརྟན་དུ་ཕྱིན་པ། ཆོད་སེམས་ཆེ་རུ་སོང་བ།

    —— རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀྲག་མདངས་འཚེར་ས་ལྷུག་པོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-10

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ལོ་ལྟར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གཙོ་གནད་ཅིག་རེད། ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་ཡོད། ཚང་མས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གང་ལེགས་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གང་ལེགས་མཚོན་གྱི་ཡོད་པས་བཀྲག་མདངས་འཚེར་ས་མང་པོ་མངོན་པ་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་གསུངས་པ་རེད།

    འཐུས་མི་དབང་འདུས་ཀྱིས་གསུངས་དོན། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་མངོན་གསལ་དོད་པའི་མྱོང་བ་གསུམ་བྱུང་བ་སྟེ། གཅིག་ནི་མི་སེམས་དྲོས་པར་བྱས་ཤིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་དགོངས་པ་ཁྱབ་པ་དང་མི་དམངས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བརྒྱབ་པས་གྲུབ་འབྲས་ཕྱོགས་སྡོམ་བྱེད་པའམ་ཡང་ན་ལས་དོན་བཀོད་སྒྲིག་བྱེད་སྐབས་ཀྱང་མི་དམངས་ཀྱི་གནས་ཚུལ་དང་། དམངས་འཚོ། དམངས་འདུན་བཅས་ལ་དམ་པོར་དམིགས་ནས་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཐོབ་སེམས་བཅས་ཆེ་རུ་འགྲོ་རྒྱུར་འབད་བརྩོན་བྱས་ཡོད་པ་དང་། གཉིས་ནི་ཡིད་ཆེས་བརྟན་དུ་ཕྱིན་ཞིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཤིག་ཡིན་པ་དང་། རྙོག་འཛིང་ཧ་ཅང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་གྲུབ་བྱུང་སྟེ་སྔོན་དཔག་ལས་ཡག་པ་བྱུང་བ། གསུམ་ནི་ཆོད་སེམས་ཆེ་རུ་སོང་ཞིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བརྗོད་བྱར་གཞིགས་ནས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ་དང་འདི་ལོའི་སྤྱི་ཡོངས་ཀྱི་བླང་བྱ་དང་གཙོ་གནད་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱས་པ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པའི་ཆོད་སེམས་བརྟན་དུ་བཏང་བ་བཅས་རེད།

    འཐུས་མི་བཀྲ་ཤིས་རྒྱལ་མཚན་དང་སྐལ་བཟང་བདེ་སྐྱིད་སོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་ཐད་རྒྱབ་སྐྱོར་བྱེད་དགོས་ལུགས་བཏོན་པས། ང་ཚོར་སྐུལ་མ་གཏིང་ཟབ་ཐེབས་པ་མ་ཟད་སེམས་ཤུགས་ཆེ་རུ་ཕྱིན་སོང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ད་ཐེངས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་དོན་ཏན་ཏིག་སྤེལ་བ་དང་དཀའ་སྤྱད་སྙིང་རུས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།