[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་དགོས།

  • ཡོང་ཁུངས།   བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-14

    བོད་རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་ཀར་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་ལག་བསྟར་བྱས་པ་ལས་ཐོབ་པའི་གྲུབ་འབྲས། དེ་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དུས་རིམ་རང་བཞིན་ལྡན་པའི་ཁྱད་ཆོས་དང་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་མ་ཟད། སླད་ཕྱིན་བོད་ཀྱི་ལོ་ལྔའི་རིང་གི་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གཙོ་གནད་ལས་དོན་གཏན་འཁེལ་གནང་ཡོད།

    ཕྱིས་འབྱུང་ལོ་ལྔའི་རིང་ནི། རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ”པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད།   བོད་ནི་ས་བབ་མཐོ་ཞིང་གནམ་གཤིས་གྲང་ལ་དབྱང་རླུང་མི་འདང་བས།  ས་ཁུལ་མང་ཆེ་བའི་རྨང་གཞིའི་སྒྲིག་བཀོད་ཅུང་རྗེས་ལུས་ཀྱི་གནས་སུ་ལྷུངས་ཡོད་པ་དང་།  ས་ཁུལ་ཁག་གཅིག་གི་འགྲིམ་འགྲུལ་ཡང་སྟབས་བདེ་མེད་པས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་དཀའ་ངལ་ཆེ་ཙམ་ཡོད།  གནས་ཚུལ་དེ་རིགས་ལས་གྲོལ་ཐུབ་པ་བྱེད་དགོས་ན་གལ་ཆེ་ཤོས་ནི་རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་དེ་རེད།        བོད་ཀྱི་ས་ཆ་ཁག་ཏུ་ལོ་ལྟར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཡོད་པ་དང་། ཁོ་ཚོས་གཞི་རིམ་གྱི་དབུལ་ཕོངས་གྲོང་ཚོར་བསྐྱོད་ནས་རོགས་རམ་བྱེད་དགོས་པའི་གྲོང་མིར་རོགས་རམ་བྱེད་པ་མ་ཟད།   དེ་དང་དུས་མཚུངས་ཏང་ཡོན་ལས་བྱེད་པས་ཆ་སྒྲིག་གཉེན་འཚོལ་དང་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ལས་གྲོང་ཚོ་ཁག་གཅིག་གི་ཐོན་སྐྱེད་དང་མང་ཚོགས་འཚོ་བར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། འདི་དག་ནི་གོང་རིམ་འབྲེལ་ཡོད་ཚན་པ་དང་།  གྲོང་ཚོར་བཅའ་སྡོད་ལས་དོན་མི་སྣ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་བཅས་ཀྱིས་དཀའ་སྤྱད་འབད་བརྩོན་ལས་ཐོབ་པའི་འབྲས་བུ་ཤ་སྟག་རེད།

    “ཕྱུག་འགྱུར་ཡོང་བ་བྱ་དགོས་ན་སྔོན་ལ་དབུལ་པོའི་ཞྭ་མོ་ཕུད་དགོས”ཞེས་པ་ལྟར།   དབུལ་སྒྲོལ་ཕྱུག་འགྱུར་ནི་དུས་ཡུན་རིང་པོའི་ཁྲོད་གཞི་ནས་ལེགས་གྲུབ་ཐུབ་པའི་ལས་འགན་ཞིག་རེད།   དུས་ཡུན་དེའི་ཁྲོད།   འཚོལ་ཞིབ་ཟམ་མི་ཆད་པ་བྱས་ནས་དབུལ་སྒྲོལ་དང་འཚམ་པའི་བྱ་ཐབས་གཏན་འཁེལ་བྱ་དགོས་པ་དང་། དབུལ་སྐྱོར་བྱ་ཡུལ་བརྩོན་ལེན། རྣམ་གྲངས་བཀོད་སྒྲིག མ་དངུལ་བེད་སྤྱོད།  བྱ་ཐབས་དུད་ཚང་དུ་འཁྱོལ་བ།  གྲོང་ཚོའི་གནས་ཚུལ་ལ་གཞིགས་ནས་མི་མངགས་པ། དེ་བཞིན་གྲུབ་འབྲས་ཐོབ་པའི་དབུལ་སྒྲོལ་གནད་འཕིགས་སོགས་བྱས་ཏེ།    ནུས་ཤུགས་ཡོད་རྒུས་ཐོན་ཁུངས་ཀྱི་ནུས་རྒྱུ་བསྡུ་རུབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཡོང་ཐུབ་པ་བྱེད་དགོས།   

    མདོར་ན།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་སྤྱི་ཡོངས་དང་གྲངས་ཚད་ཙམ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་གྲོང་གསེབ་དང་དབུལ་ཕོངས་ས་ཁུལ་ཁག་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བ་བྱས་ཏེ། དབུལ་ཕྱུག་དབར་གྱི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་བཏང་ནས། མི་དམངས་རྣམས་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་གི་ཕན་པ་ཐོབ་པ་བྱ་དགོས། དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་དགོས་མཁོ་ཞིག་ཡིན།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། པ་སངས་སྒྲོལ་དཀར)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།