[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གནའ་བོའི་རིག་དངོས་ལས་དུས་རབས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ།

    རང་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བའི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་རིག་དངོས་སྡེ་ཚན་གྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྲུང་སྐྱོབ་དང་བེད་སྤྱོད་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས། རྒྱུན་འཛིན་དང་འཕེལ་རྒྱས་མཉམ་དུ་དམ་འཛིན། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་། རྒྱུན་འཛིན་འཕེལ་རྒྱས། མ་ལག་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ལ་སྤྱི་འདོམས་སྐུལ་གཏོང་གིས་གནའ་བོའི་རིག་དངོས་ལས་དུས་རབས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པ་དང་ཡུལ་སྐོར་བས་གསོན་ཉམས་ལྡན་པའི་ལོ་རྒྱུས་ཉམས་སུ་མྱོང་ཐུབ་པ་བྱས་པ་རེད།

    ཞིབ་ཅིང་ཕྲ་བ།

    རིག་དངོས་སྲུང་སྐྱོབ་ལས་དོན་ཏན་ཏིག་ངང་བསྒྲུབས་པ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་2015ལོར་བཏོན་པའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་བདེ་བླག་ངང་ལག་བསྟར་བྱེད》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་རབས་20པའི་ལོ་རབས་80ནས་བཟུང་རྒྱལ་ཁབ་ཀྱིས་ལོ་ལྟར་མ་དངུལ་དང་། གསེར་དང་དངུལ་སོགས་བོད་ཀྱི་དགོན་སྡེ་ཉམས་བཟོ་དང་། ཉམས་གསོ། སྲུང་སྐྱོབ་བཅས་ལ་ཆེད་མངགས་གཏོང་གི་ཡོད་ཅིང་། རིམ་རྩིས་ལྟར་ན་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་14ལྷག་ཙམ་བཏང་ནས་བོད་ཀྱི་རིག་དངོས་དང་དགོན་སྡེ་གཙོ་གྲས་གཞི་ཁྱོན་ཆེན་པོས་ཉམས་བཟོ་བྱས་པ་རེད། རང་ལྗོངས་ཀྱིས་ཀྱང《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》གི་རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་དང་བསམ་འཆར་རབ་དང་རིམ་པ་བཏོན་ནས་ཁྱབ་བསྒྲགས་བྱས་པ་དང་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལམ་བུར་སྐྱོད་ཐུབ་པ་བྱས་པ་རེད།

    རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཅུས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་རང་ལྗོངས་ཀྱིས་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭའི་རྣམ་གྲངས་85སྐྲུན་འགོ་བཙུགས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2.8བཏང་བ་མ་ཟད། ད་དུང་ས་སྐྱ་དགོན་པ་སྲུང་སྐྱོབ་ཀྱི་འཆར་འགོད་དང་བདེ་འཇགས་དོགས་ཟོན་དང་མེ་ཟོན་ལས་གྲྭ་རིམ་སྤོར་དང་རིག་དངོས་དཔྱད་སྡོམ་དང་ཡིག་ཚགས་བཟོ་བ་སོགས་ཀྱི་ལས་དོན་ཆེད་མངགས་སྤེལ་ཡོད་པ་རེད།

    གཞི་གྲངས་གསལ་རྟོགས།

    སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་བ།

    རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧྲེ་ཀྲུང་གིས་ལོ་5ལྷག་ཙམ་ལས་ཀ་བྱས་པ་བརྒྱུད་རང་ལྗོངས་ཀྱིས་གཞུང་ཁོངས་ཉར་ཚགས་ཚན་པ་1305ལ་བརྟག་དཔྱད་བྱས་ནས་རིག་དངོས་ཁྲི་14.8ལྷག་ཙམ་ལ་ ཡོངས་བཤེར་ཐོ་འགོད་བྱས་པ་དང་རང་ལྗོངས་ཀྱི་སྤོ་རུང་བའི་རིག་དངོས་ཀྱི་གྲངས་ཚད་སྤྱིར་གསལ་རྟོགས་ཐུབ་ཡོད། 2012ལོའི་ལོ་མཇུག་ཏུ་སྤོ་རུང་བའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་རིག་དངོས་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཡོངས་བཤེར་གྲངས་གཞིར་མཉེན་ཆས་བཟོས་ནས་རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཀྱི་ཆ་འཕྲིན་ལས་སྟེགས་སུ་ཐོ་འགོད་ཀྱིས་དྲ་བའི་ཐོག་ཐད་ཀར་བཀོད་པ་དང་སྔ་རྗེས་སུ་གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཉར་ཚགས་ཚན་པར་བརྟག་དཔྱད་དང་། རིག་དངོས་དཔྱད་སྡོམ། ཆ་འཕྲིན་འཚོལ་བསྡུ་ཐོ་འགོད། གྲངས་གཞིའི་སྤུས་ཚད་ཞིབ་བཤེར། རྩ་ཆེའི་རིག་དངོས་ཞིབ་བཤེར་དང་ངོས་འཛིན་སོགས་ལས་དོན་སྤེལ་བས། མིག་སྔར་ལྗོངས་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཀྱི་གྲངས་ཚད་དང་། ཉར་ཚགས། བེད་སྤྱོད་དོ་དམ་སོགས་ཀྱི་གནས་ཚུལ་གསལ་རྟོགས་ཐུབ་པ་དང་བོད་ཀྱི“རིག་དངོས་ཀྱི་ཐོབ་ཐང་ལག་ཁྱེར”གྱི་ལམ་ལུགས་བཙུགས་པ་དང་རིག་དངོས་ཀྱི་ཐོན་ཁུངས་བརྟག་དཔྱད་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་ཉར་ཚགས་ཐོ་འགོད་ཚད་ལྡན་ཅན་དང་གྲངས་ཚད་ཅན་མངོན་འགྱུར་བྱུང་སྟེ་རིག་དངོས་ཀྱི་ཡིག་ཚགས་བཟོ་བ་དང་སྲུང་སྐྱོབ་བེད་སྤྱོད་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    བྱེད་ཐབས་གནད་འཁེལ།

    རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    “འདི་ལོའི་རིག་དངོས་ལས་དོན་ཐད་ང་ཚོས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་རིག་དངོས་ལས་དོན་གྱི་རྣམ་པ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན”ཞེས་བཤད།

    —— དམར་ཐིག་དང་། མཐའ་ཚད། སྲོག་ཐིག་བཅས་མཐའ་འཁྱོངས་ཀྱིས་རིག་དངོས་བདེ་འཇགས་ལས་དོན་ལ་དམ་འཛིན་བྱས་ཤིང་། སྲིད་གཞུང་གིས་འགོ་ཁྲིད་པ་དང་། དོ་དམ་དང་བེད་སྤྱོད་བྱེད་མཁན་གྱིས་འགན་འཁུར་བ། རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་སོ་སོར་འཁུར་བ་བཅས་ཀྱི་དོ་དམ་སྒྲིག་སྲོལ་རིམ་བཞིན་བཟོས་ནས་རིག་དངོས་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱ་ཐབས་ནུས་ལྡན་སྤྱོད་པ། བདེ་འཇགས་ཀྱི་སྐྱོན་ཆ་སེལ་བ་བཅས་བྱས་ནས་རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱས་པ་རེད།

    —— སྲུང་སྐྱོབ་དང་རྒྱུན་འཛིན་མཐའ་འཁྱོངས་ཀྱིས་ལོ་རྒྱུས་དང་གསར་བརྗེའི་རིག་དངོས་གལ་ཆེན་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། རིག་དངོས་ལ་བརྟེན་ནས་སྐྱེ་བོ་ཀུན་ལ་མེས་རྒྱལ་དང་བོད་ལྗོངས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རྒྱུན་མངོན་པར་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཞབས་འདེགས་ཞུ་བའི་རིག་དངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཚུགས་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་བཏང་བ་རེད།

    —— བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རིག་དངོས་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཤིང་། ལས་སྟེགས་སྣ་ཚོགས་སྤྱད་དེ་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་ཟབ་མོ་གནང་བ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་རང་ལྗོངས་ཀྱི་རིག་དངོས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། རིག་དངོས་ཚང་མར་གསལ་བཤད་བྱས་ནས་རིག་དངོས་ཚན་པའི་གཙོ་ཆེའི་དྲ་ཚིགས་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་ལ་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུགས་རང་བཞིན་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་རྣམ་པ་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།