[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ལྗོངས་འགྲེམས་ཚོགས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་ཚེ་རིང་།    |    སྤེལ་དུས།   2018-09-13

    བཀྲག་མདངས་ཆེ་ཞིང་མཛེས་སྡུག་ལྡན་པའི་སྟོན་གྱི་དུས་འདིར། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་འགོ་ཚུགས་པ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་རེད།

    བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་བསྟུད་མར་སྤེལ་བས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རྣམ་པ་གསར་པ་གང་ལེགས་མངོན་པར་བྱས་ཡོད་ལ། རང་ལྗོངས་ཀྱི་ཕྱི་ནང་གཉིས་ལ་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སྤེལ་རེས་ཐད་ལ་ཤུགས་སྣོན་ནུས་ལྡན་ཐེབས་པ་དང་། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཆེ་རུ་ཕྱིན་ནས།  རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་འགྲོ་བའི་མཉེན་པའི་སྟོབས་ཤུགས་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།

    བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་བསྟུད་མར་ལེགས་གྲུབ་ངང་གཉེར་རིང་། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ཚན་པས་འགྲེམས་ཚོགས་ཀྱི་སྟེགས་བུ་བསྐྲུན་པ་དང་། འགྲེམས་ཁང་གི་ནུས་པ་དབྱེ་འབྱེད། གླེང་སྟེགས་ཀྱི་བརྗོད་བྱ་གཏན་འཁེལ། རྒྱལ་ཕྱི་རྒྱལ་ནང་གི་ཚོང་པ་འགུགས་པ། འགྲེམས་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་ཐད་ལ་དཀའ་བ་ཁྱད་བསད་བྱས་པ་ཕུད། སྨྱན་སྦྱོར་གྱི་གསར་འགྱུར་དྲིལ་བསྒྲགས་ནུས་པར་ཚད་མཐོའི་མཐོང་ཆེན་དང་བེད་སྤྱོད་ཡག་པོ་བཏང་བ་དང་ཡང་ཁ་བྲལ་ཐབས་མེད་པ་ཞིག་རེད།

    བོད་ལྗོངས་འགྲེམས་ཚོགས་དྲིལ་བསྒྲགས་ཡག་པོ་བྱེད་པར། གྲབས་གཤོམ་རང་བཞིན་གྱི་གསར་འགྱུར་གཏོང་སྤེལ་ལ་ཤུགས་སྣོན་རྒྱག་དགོས། སྨྱན་སྦྱོར་ཚན་པ་ཁག་གིས་གསར་འགྱུར་ཚོར་བ་སྐྱེན་པའི་སྒོ་ནས། བོད་ལྗོངས་འགྲེམས་ཚོགས་མ་གཉེར་གོང་གི་གྲ་སྒྲིག་ལས་ཀ་དང་། ལྷག་པར་དུ་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་འགྲེམས་ཚོགས་ཁང་གི་ནང་དོན་དང་། དུས་ཚོད། ས་གནས་སོགས་སྐོར་གྱི་འབྲེལ་ཡོད་ཞབས་ཞུའི་་ཆ་འཕྲིན་སྤེལ་བ་མ་ཟད། གོང་གི་བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་སོགས་ཐད་སྐུལ་འདེད་གཏོང་བ། དགེ་མཚན་ལྡན་པའི་ནུས་པ་ཐོན་པའང་སྤེལ་ནས། མང་ཚོགས་རྣམས་དུས་ཐུང་ནང་བོད་ལྗོངས་འགྲེམས་ཚོགས་ཀྱི་འཕེལ་རྒྱས་དང་གཉེར་ཚུལ་ཤེས་རྟོགས་ཐུབ་པ་བྱེད་དགོས།

    བོད་ལྗོངས་འགྲེམས་ཚོགས་དྲིལ་བསྒྲགས་ཡག་པོ་བྱེད་པར།  གསར་འགྱུར་ཇུས་འགོད་ཞིབ་ཚགས་ཏུ་བྱས་ནས་བཀྲག་མདངས་མངོན་པར་བྱེད་དགོས།   འགྲེམས་ཚོགས་འགོ་ཚུགས་པའི་ཉིན་དེ་ནས་བཟུང་གི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཕྱོགས་སོ་སོའི་ཆ་འཕྲིན་རྒྱུན་ཆད་མེད་པར་མངོན་པ་བྱེད་དགོས་ཤིང་། དེའི་སྐབས་གསར་འགྱུར་སྨྱན་སྦྱོར་གྱིས་ཇུས་འགོད་ཞིབ་ཚགས་བྱེད་དགོས། སྨྱན་སྦྱོར་ཚན་པ་ཁག་གིས་བོད་ལྗོངས་འགྲེམས་ཚོགས་སྐོར་གྱི་ཆ་འཕྲིན་སྤེལ་བ་དང་ཆབས་ཅིག་སྨྱན་སྦྱོར་སོ་སོའོ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་སྔོག་འདོན་གཏིང་ཟབ་བྱས་ནས། བཀྲག་མདངས་ཀྱིས་མི་མང་པོའི་ཡིད་དབང་འགུག་ཐུབ་པ་དང་། དོ་འཁུར་དེ་བས་མང་བ་བྱེད་ཐུབ། མང་ཚོགས་མི་ཉུང་བ་ཞིག་གིས་མ་གཞི་བོད་ལྗོངས་འགྲེམས་ཚོགས་ལ་དོ་སྣང་དེ་ཙམ་བྱས་མེད་རུང་། ཁྱད་ཆོས་བཀྲག་མདངས་ལྡན་པའི་གསར་འགྱུར་ཞིག་གིས་བོད་ལྗོངས་འགྲེམས་ཚོགས་ལ་དོ་ཁུར་བྱེད་སྲིད་པའང་རེད།

    བོད་ལྗོངས་འགྲེམས་ཚོགས་དྲིལ་བསྒྲགས་ཡག་པོ་བྱེད་པར། སྨྱན་སྦྱོར་སོ་སོའོ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས། སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་རབས་སུ་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་གཉིས་བེད་སྤྱོད་ཡག་པོ་བྱས་ནས། ཕྱོགས་ཡོངས་དང་། ཐབས་ལམ་མི་འདྲ་བ། ཟུར་ཚད་མི་འདྲ་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཀྱི་གཞི་ཁྱོན་ཆེན་པོ་ཆགས་པ་བྱེད་དགོས། བོད་ལྗོངས་འགྲེམས་ཚོགས་ཀྱི་བྱེད་སྒོ་ཁག་གི་ གནས་ཚུལ་སྤེལ་དུས། སྨྱན་སྦྱོར་གསར་པས་དྲ་ཐོག་ཐད་གཏོང་བྱེད་པའི་ཐབས་ལམ་བརྒྱུད་དེ། རྒྱ་ཆེའི་མང་ཚོགས་དང་ངོ་ཐུག་སྤེལ་རེས་བྱས་ནས་དྲ་དམངས་ཀྱི་འབྲེལ་ཡོད་གནད་དོན་ལ་ལན་བརྒྱབ་ཆོག དྲ་རྒྱ་བརྒྱུད་དེ་ཕྱོགས་ཡོངས་དང་། ལྟ་ཚུལ་མི་འདྲ་བ། རང་མོས་ཅན་བཅས་ཀྱི་ཐོག་ནས་བྱེད་སྒོའི་ནང་དོན་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ལ་ཕྱོགས་བསྡུས་ཀྱིས་བརྙན་འཕྲིན་དང་། པར་རིས། གསར་འགྱུར་ཐོར་བུ་སོགས་སྤེལ་བ་དང་དུས་མཚུངས་ཚགས་པར་སོགས་སྲོལ་རྒྱུན་སྨྱན་སྦྱོར་གྱི་དབང་གྲགས་རང་བཞིན་དང་། སྒམ་བརླིང་རང་བཞིན། ཡང་དག་རང་བཞིན་བཅས་གང་ལེགས་མངོན་པར་བྱས་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆ་འཕྲིན་གཏིང་ཟབ་སྤེལ་དགོས་པ་དེ་ཡང་སྨྱན་སྦྱོར་སོ་སོའི་ཧུར་ཐག་འབད་ཐག་བྱེད་པའི་དམིགས་ཡུལ་ཡིན། ད་ལྟའི་དུས་ཆེན་བྱེད་སྒོའི་གསར་འགྱུར་མང་ཆེ་བར་སྤྱི་པའི་ཐོན་ཁུངས་ཡིན་པ་ལས་ཁེར་རྐྱང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་འགྱུར་ཉུང་ཉུང་རེད། གསར་འགྱུར་ཐོན་ཁུངས་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་པར་ཁ་གཏད་གཅོག་དུས། སྨྱན་སྦྱོར་ཁག་གིས་ཐག་གཅོད་ཇི་ལྟར་བྱས་ཏེ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཁེར་རྐྱང་གསར་འགྱུར་དུ་བསྒྲུབ་པ་བྱ་རྒྱུ་དེ་རེད། སྲོལ་རྒྱུན་སྨྱན་སྦྱོར་གྱིས་རྒྱ་ཆེ་བ་དང་། གཏིང་ཟབ་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒོ་ནས་གསར་འགྱུར་སྤེལ་ཏེ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བཀྲགས་མདངས་འཚེར་ས་ཐོན་པར་བྱེད་དགོས་པ་འགན་ལེན་བྱེད་དགོས།

    སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཡག་པོ་སྤེལ་རྒྱུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་དོན་ཆེན་ཞིག་དང་། བཀྲ་ཤིས་པའི་བྱ་བ་ཞིག  གལ་ཆེའི་དོན་ཞིག་བཅས་རེད། སྨྱན་སྦྱོར་ཚན་པ་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་བོད་ལྗོངས་འགྲེམས་ཚོགས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལེགས་པར་བསྒྲུབས་ནས། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་དབྱང་གིས་རང་ལྗོངས་སུ་བོད་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལེགས་གྲུབ་བྱུང་བའི་ལག་ལེན་དང་འོད་སྟོང་འབར་བའི་གྲུབ་འབྲས་གང་ལེགས་མངོན་པར་བྱེད་དགོས་པ་དང་། དེང་སྐབས་བོད་ཀྱི་ཚན་རིག་འཕེལ་རྒྱས་དང་། ཞི་བདེ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་སྲིད་འཆམ་མཐུན། དམངས་འཚོ་ལེགས་བཅོས། སྣོད་བཅུད་བཟང་བ། ཏང་འཛུགས་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ལེགས་པར་མངོན་པར་བྱེད་པ། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ལེགས་པར་མངོན་པ་བཅས་བྱེད་དགོས།  (སྤེན་པས་བསྒྱུར།  ཚེ་ཆོས་ཀྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།