[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་བསྐྱར་དར་གྱི་རྩ་ཁྲིམས་རྨང་གཞི་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-05

    ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་པ་དེ་རེད། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བཅས་བྱས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་པའི་ནང་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་རྩ་ཁྲིམས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་པའི་རང་རྒྱལ་གྱི་རྩ་ཁྲིམས་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དེ་རྩ་ཁྲིམས་ཀྱི་འགན་ལེན་དང་དེར་སྐུལ་འདེད་བཏང་བ་དང་ཁ་འབྲལ་ཐབས་མེད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དེ་རྩ་ཁྲིམས་སྙིང་སྟོབས་ལས་འཕྲོས་པའི་འོད་ཟེར་དང་ཁ་འབྲལ་ཐབས་མེད།

    རང་རྒྱལ་གྱི་རྩ་ཁྲིམས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཉམས་མྱོང་ལས་རྩ་ཁྲིམས་འདི་ཉིད་ངེས་པར་དུ་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་གྱི་འཕེལ་རྒྱས་ལ་བརྟེན་ནས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པ་གསལ་བཤད་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་སྤྱི་ཡོངས་ནས་རང་རྒྱལ་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། དབང་གྲགས་རང་བཞིན་བཅས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་ལག་ལེན་གསར་པར་གཞིགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱལ་ཁབ་ཀྱི་མཛུབ་ཁྲིད་དགོངས་པར་བརྩིས་ནས་རྩ་ཁྲིམས་ནང་བཀོད་པ་དེ་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མངོན་ཡོད་ལ། རྩ་ཁྲིམས་ཀྱི་ཚད་ལྡན་དང་། ཁྲིད་སྟོན། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་སྲིད་ལ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཐུབ།

    ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས། ཁྲིམས་ལྟར་སྲིད་སྐྱོང་བའི་འགག་རྩ་ནི་རྩ་ཁྲིམས་ལྟར་སྲིད་སྐྱོང་བར་ཐུག་ཡོད། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས་ན། ཏང་དང་མི་དམངས་ཀྱི་ཐུན་མོང་སྙིང་སྟོབས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་དགོས་ན། ཏང་དང་མི་དམངས་ཀྱི་ཐུན་མོང་སྙིང་སྟོབས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་དགོས། རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་དགོས་ན། མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་མངོན་འགྱུར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཧ་ཅང་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་རྩ་ཁྲིམས་ལ་དམིགས་ནས་ཆོད་འདོམས་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་དང་། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། དུས་རབས་གསར་པར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གསར་པར་སྣེ་ཁྲིད་བཅས་བྱས་ཏེ་དུས་རབས་གསར་པར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྣམ་པ་གསར་པ་བཏོད་ཡོད། འདི་ལོའི་ཟླ་3ཚེས་17ཉིན། བདམས་ཐོན་བྱུང་བའི་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་རྩ་ཁྲིམས་ཀྱི་མདུན་དུ་བརྗིད་ཆེའི་དམ་བཅའ་བཞག་པ་དང་འདི་ནི་རྩ་ཁྲིམས་ལ་དམ་བཅའ་བའི་ལམ་ལུགས་ལག་བསྟར་བྱས་ཚུན་རྒྱལ་ཁབ་འགོ་ཁྲིད་ཀྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་ཐེངས་ཐོག་མ་རེད།

    ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་པའི་ལས་འགན་ཨང་དང་པོ་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། ཁྲིམས་སྐྱོང་གི་དབང་གྲགས་འཛུགས་ཐུབ་མིན་དང་ཐོག་རྩ་ཁྲིམས་ལ་དབང་གྲགས་ལྡན་མིན་ལ་ལྟ་དགོས། རྩ་ཁྲིམས་ཀྱི་སྲོག་རྩ་ལག་བསྟར་ལ་ཐུག་ཡོད་ལ། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་ལ་ཐུག་ཡོད། རང་རྒྱལ་རྩ་ཁྲིམས་ཀྱི་ལམ་ལུགས་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ང་ཚོས་རྩ་ཁྲིམས་ལ་བརྩི་འཇོག་དང་ལག་བསྟར་ནུས་ལྡན་བྱས་ཚེ། མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་ཐུབ་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་གཏོང་ཐུབ། དེ་ལས་ལྡོག་སྟེ་གལ་ཏེ་རྩ་ཁྲིམས་སྣང་མེད་དུ་གཏོང་བ་དང་། ཉམས་ཞན་དུ་གཏོང་བ། ཐ་ན་གཏོར་བཤིག་གཏོང་བ་བཅས་བྱས་ཚེ། མི་དམངས་ཀྱི་དབང་ཆ་དང་རང་དབང་འགན་ལེན་བྱེད་ཐབས་བྲལ་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཉམས་རྒུད་དུ་འགྲོ་སྲིད་པ་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།