[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་དེ་བས་ལེགས་པའི་ཁོར་ཡུག་གཏོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཧན་མན།    |    སྤེལ་དུས།   2019-05-15

    2018ལོར་རང་ལྗོངས་ཀྱི་ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་དང་། འཇུག་འཐུས་ཀྱི་ཁོར་ཡུག་སྔར་བས་ལྷུག་ཏུ་དང་སྟབས་བདེར་བཏང་བ་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་དག་ལས། དམངས་གཉེར་ཁེ་ལས་མཁས་ཅན་གྱི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་སྐུལ་འདེད་ཆེན་པོ་ཐེབས་ཡོད། 2018ལོར་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་4.75གསར་དུ་འཕར་ནས་བསྡོམས་འབོར་དུད་ཚང་ཁྲི་275དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་ཁྲི་1.33ཟིན་ཡོད།

    དམངས་གཉེར་ཁེ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་ཚོང་གཉེར་ཁོར་ཡུག་ཧྲིལ་པོར་དེ་བས་མཐོ་བའི་རེ་བ་བཏོན་ཡོད་ལ། དེ་ནི་རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་ཁག་གི་སྲིད་འཛིན་ནུས་པར་ཚོད་བགམ་བྱེད་པའི“རྡོ་ཀ་ཤུ་ཁ”ལྟ་བུ་ཞིག་རེད། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཇི་ལྟར་སེལ་དགོས་མིན་ཡང་ཁྲོམ་རའི་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་རེད།

    “དངུལ་བུན་གཡར་དཀའ་བ”ནི་ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་ཀྱིས་གཞུང་དྲང་ངང་འགྲན་རྩོད་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་དཀའ་གནད་ཅིག་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པའི་རྒྱབ་ལྗོངས་ཆེན་པོའི་འོག་རང་ལྗོངས་ཀྱི་དངུལ་རྩས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར། དངུལ་བུན་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། ཡིད་རྟོན་དངུལ་བུན་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རང་ལྗོངས་ཀྱི་གནས་ཚུལ་དང་འཚམ་པའི་དངུལ་རྩའི་ཐོན་རྫས་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་སེལ་བ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བསྡོམས་རྩིས་ཀྱི་ལྟ་ཞིབ་ཚད་ལེན་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་པ་སོགས་ནས་འགོ་བཙུགས་ཏེ་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་མ་རྩའི་འཇུར་མིག་གི་གནད་དོན་ཏན་ཏིག་སེལ་དགོས།

    རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཤིང་། དམངས་གཉེར་ཁེ་ལས་མཁས་ཅན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ་དང་། གཉེར་སྐྱོང་ཁྱབ་ཁོངས་དང་། གཞུང་དྲང་འགྲན་རྩོད། བདག་དབང་སྲུང་སྐྱོང་། སྲིད་འཛིན་རིན་བསྡུ་སོགས་ཐད་ཀྱི་དམངས་གཉེར་ཁེ་ལས་ལ་གཞུང་དྲང་མེད་པའི་སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཅིག་སྡུད་གཙང་སེལ་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་གཞུང་དྲང་འཕེལ་རྒྱས་ལ་ཕན་པ་ཡོད་པའི་ཁྲོམ་རའི་ཁོར་ཡུག་གཏོད་དགོས། དམངས་གཉེར་ཁེ་ལས་ཀྱིས་བསམ་འཆར་ཆེ་བའི་གནད་དོན་ལ་དམིགས་ཏེ་ཆེད་དོན་སྲིད་འཛིན་ཁྲིམས་སྐྱོང་དང་ཞིབ་བཤེར་ལྟ་སྐུལ་བྱས་ནས་སྲིད་འཛིན་ཁྲིམས་སྐྱོང་ལས་ཁུངས་དང་མི་སྣས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་གཏོང་བའི་བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་དང་ཡོ་བསྲང་བྱས་ཏེ་དམངས་གཉེར་དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།