[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་དགོས།

    དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-05-15

    ལས་གཏོད་ཀྱིས་ཕུགས་འདུན་འགྲུབ་པ་དང་། གསར་གཏོད་ལས་འབྱུང་འགྱུར་ལ་འགྱུར་ལྡོག་བྱུང་ཞིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་མངོན་པར། 2018ལོའི་བར་བོད་ཀྱིས་ཀུན་གཏོད་བྱ་ཡུལ་དང་། ཚན་རྩལ་ཁེ་ལས་གསོ་སྐྱོང་བྱ་ཡུལ། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་རྟེན་གཞི་སོགས“གཉིས་གཏོད”གཞི་རྟེན་74བསྐྲུན་ཟིན་ནས་གསར་གཏོད་ཚོགས་པ་དང་ལས་གཏོད་བྱས་མ་ཐག་པའི་ཁེ་ལས་1338ཞུགས་རྒྱུར་བཀུག་པ་དང་དེ་བཞིན་མཐོ་སློབ་སློབ་ཐོན་སློབ་མ་2100ལྷག་ཙམ་ལས་ཀར་བཅུག་པ་དང་། མཐོ་གསར་ལག་རྩལ་ཁེ་ལས་55%འཕར་བ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་142%འཕར་ཡོད། གསར་གཏོད་ལས་གཏོད་ཀྱི་རླབས་རྒྱུན་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་བསྟུན་ནས་རང་ལྗོངས་ཀྱི་གསར་གཏོད་ལས་གཏོད་དེ་ཉིད་དུས་ལ་བབས་པ་དང་། འཕེལ་ཕྱོགས་ཆགས་ཟིན་པ། དར་སྲོལ་ཤུགས་ཆེ་བ་བཅས་ཡོད་ཅིང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི“ཀུན་གཏོད་དུས་རབས”ཤིག་གངས་ལྗོངས་ས་མཐོར་གསོན་ཉམས་རྒྱས་བཞིན་ཡོད།

    “གཉིས་གཏོད”ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་པར་སྒྱུར་བཅོས་ལ་སྐུལ་འདེད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་དགོས། གསར་གཏོད་ལས་གཏོད་ཀྱི་སྐྱེ་སྟོབས་རྒྱས་པར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་དང་གསར་སྐྲུན་གྱི་སྒུལ་ནུས་འདོན་པའི་འགག་རྩ་ནི་སྒྱུར་བཅོས་སྒོ་དབྱེ་ཤུགས་ཆེན་བྱེད་རྒྱུར་ཐུག་ཡོད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལས་གཏོད་ལ་སྐུལ་འདེད་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞིབ་མཆན་དོན་གནད་སྔར་བས་མེད་པ་བཟོ་བ་དང་གཤམ་སྤྲོད་བྱེད་པ། ཁྲོམ་རའི་འཇུག་འཐུས་ཚད་གཞི་དམའ་རུ་གཏོང་བ།

    མ་འཇོག་ལས་གཏོད་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་ལས་གཏོད་གསར་གཏོད་ལ་ཕན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་དང་། ལས་གཏོད་གསར་གཏོད་ལ་སྐུལ་ལྕག་བྱེད་པའི་ཁྲལ་གྲོན་རྩ་ཆག་དང་ཆག་ཡང་དང་། གྲངས་ཉུང་ཁག་ཐེག་དངུལ་བུན། མ་དངུལ་ཁ་གསབ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་གཏོད་གསར་གཏོད་ཀྱི“ལྗོན་ཤིང་ལ་ལོ་འདབ་རྒྱས་པར”བྱས་ནས་སྲིད་གཞུང་གིས་ལས་གཏོད་ལ་ལྕག་སྐུལ་དང་། སྤྱི་ཚོགས་ཀྱིས་ལས་གཏོད་ལ་རྒྱབ་སྐྱོར། དམངས་ཡོངས་ཀྱིས་ལས་གཏོད་བྱེད་ཕོད་པ་བཅས་ཀྱི་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས་པ། ལམ་ལུགས་ཀྱི་འགན་ལེན་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། ལས་གཏོད་གསོ་སྦྱོང་། ལས་གཏོད་ཞབས་ཞུ། དཔྱད་ཞིབ་གདེང་འཇོག་མ་ལག་བཅས་འཐུས་སྒོ་ཚང་དུ་བཏང་སྟེ་གསར་གཏོད་ཀྱི་འགོག་རྐྱེན་སེལ་བ་དང་། གསར་གཏོད་ལ་ངར་ཤུགས་སྦྱིན་པ། གསར་གཏོད་ལ་རམ་འདེགས་བྱེད་པ་བཅས་ཀྱི་སྒོ་ནས་མི་ཚང་མས“གཉིས་གཏོད”ཐུབ་པ་དང“གཉིས་གཏོད”ལས་མི་ཚང་མར་ཕན་འདོགས་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་པ་བྱེད་དགོས།

    “གཉིས་གཏོད”ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་པར་ཁེ་ལས་ཀྱི་བྱེད་པོའི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི་གཙོ་ཁྲིད་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཁེ་ལས་ནི་ལས་གཏོད་གསར་གཏོད་ཀྱི་བྱེད་པོ་ཡིན་ཞིང་། རྒྱ་ཆེའི་ཁེ་ལས་འཚར་ལོངས་ཡག་པོ་བྱུང་ནས་དེའི་གཙོ་ཁྲིད་སྟོབས་ཤུགས་ཟམ་མི་ཆད་པར་འདོན་སྤེལ་ཐུབ་ཚེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་ཆེན་པོ་གཞི་ནས་འཕྱུར་ཐུབ། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མཐོ་གསར་ལག་རྩལ་ཁེ་ལས་ལ་རྒྱབ་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་གསར་གཏོད་ཀྱི་སྲིད་ཇུས་ཁེ་ལས་ལ་གཟིགས་སྐྱོང་དང་། གསར་གཏོད་ཀྱི་ཐོན་ཁུངས་ཁེ་ལས་ལ་སྤྲོད་པ། གསར་གཏོད་ཀྱི་ཤེས་ལྡན་པ་ཁེ་ལས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ་གསར་གཏོད་དེ་ཉིད་ཁེ་ལས་གང་མགྱོགས་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་། “གཉིས་གཏོད”ཀྱི་དཔེ་སྟོན་རྟེན་གཞི་སྤུས་ཚད་མཐོ་པོས་བསྐྲུན་ཏེ་ཚན་རྩལ་ཁེ་ལས་གསོ་སྐྱོང་བྱ་ཡུལ་དང་ཀུན་གཏོད་བྱ་ཡུལ་སོགས་གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གྱིས་ཞབས་འདེགས་ཞུ་ནུས་ཆེ་རུ་ནུས་ལྡན་གཏོང་བ་དང་རིགས་ཁག་གི་ཞབས་ཞུའི་ལས་སྟེགས་ཆེད་ལས་ཅན་དང་ཚགས་ཚུད་ཅན་ཀྱི་ཕྱོགས་སུ་རིམ་སྤོར་ལ་སྐུལ་ཁྲིད་བྱེད་དགོས། རིགས་ཁག་གི་ཁེ་ལས་ཀྱིས་གསར་གཏོད་ཀྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ཏེ་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་གང་མགྱོགས་འཛུགས་པ། ཚན་རྩལ་ལ་བརྟེན་ནས་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་གྱི་བཀོལ་སྤྱོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། གསར་གཏོད་ལས་གཏོད་ཀྱི་རིག་གནས་དར་སྤེལ་གཏོང་བ། གསར་གཏོད་ལས་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་སྒོ་ནས་ཁྲོམ་རའི་ས་གཞི་གཤིན་པོར་གསར་གཏོད་ལས་གཏོད་ཀྱི་ལག་ལེན་ལ་གྲུབ་འབྲས་ཐོབ་པ་བྱེད་དགོས།

    “གཉིས་གཏོད”ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་པར་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གསར་གཏོད་ལས་གཏོད་ཀྱི“གཙོ་ཤུགས་དམག”གི་ནུས་པ་ཏན་ཏིག་འདོན་དགོས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་ཞེས་པ་དོན་དངོས་ཐོག་ཤེས་ལྡན་པར་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ལས་གནས་གང་མང་མཁོ་འདོན་བྱེད་པ་དང་དུས་མཚུངས་ཀུན་གཏོད་བྱ་ཡུལ་སོགས་གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་གསར་པ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་ལས་གཏོད་ཀྱི་ཆེད་དོན་རྒྱབ་སྐྱོར་ཐེབས་རྩ་ཡག་པོ་སྤྱོད་པ། ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱས་ཏེ་གསར་གཏོད་ལས་གཏོད་བྱེད་མཁན་གྱི་སེམས་ཁྲལ་སེལ་དགོས་པ་དང་། “གཉིས་གཏོད”ལ་རྒྱབ་སྐྱོར་བྱེད་པའི་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་དང་དོན་འཁྱོལ་ཡག་པོ་བྱས་ཏེ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ“གཉིས་གཏོད”ལ་སྐུལ་འདེད་གཏོང་བའི་དམིགས་བསལ་གནས་བབ་ཐོག་འཇོག་པ་དང་། ཤེས་ལྡན་པ་ནང་འདྲེན་བྱེད་གང་ཐུབ་དང་། རིག་པར་གཞིགས་ནས་ཤེས་ལྡན་པ་གསོ་སྐྱོང་། ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་པར་སྐུལ་ལྕག དོན་དངོས་ལ་གཞི་ཚུགས་ནས་ད་ཡོད་ཀྱི་ཤེས་ལྡན་པ་ཡག་པོ་སྤྱོད་པ་བཅས་བྱས་ཏེ་གྲུབ་ཆ་ལུགས་མཐུན་དང་བྱང་ཚད་ལེགས་པའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་དགོས་པ། ཤེས་ལྡན་པར་མཐོང་ཆེན་དང་། ཤེས་ལྡན་པ་ཤེས་རྟོགས། ཤེས་ལྡན་པ་བསྡུ་བ། ཤེས་ལྡན་པ་གསོ་སྐྱོང་། ཤེས་ལྡན་པ་བེད་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ནས་གསར་གཏོད་ལས་གཏོད་དེ་ཉིད་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གི་རིན་ཐང་དོན་གཉེར་ཞིག་ཏུ་འགྱུར་བ་བྱེད་དགོས།

    གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་དང་གསར་གཏོད་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་ཡིན། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྣམ་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ། གསོན་ཤུགས་འཕེལ་བ་དང་སྒུལ་ཤུགས་ཆེར་གཏོང་གཙོ་གནད་དུ་བཟུང་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཚེ་ལྗོངས་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་ཧུར་སེམས་དང་རང་འགུལ་གྱི་བསམ་པ་སྐོང་འཐེན་ཐུབ་ངེས་ཡིན་པ་དང་། གསར་གཏོད་ལས་གཏོད་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་གཤོག་ཟུང་བསྒར་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།