[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླབས་ཆེའི་ཁ་ཕྱོགས་སྒྱུར་མཚམས་ལ་བརྟེན་ནས་བྱས་རྗེས་རྡོ་རིང་བཙུགས་པ།

    —— བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་རེ་བརྒྱད་འཁོར་བར་དྲན་གསོ་ཞུ་བའི་དཔྱད་གཏམ་དང་པོ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-05-25

    དཔྱིད་ཟླ་ལྔ་པའི་བོད་ལྗོངས་ས་མཐོར་མེ་ཏོག་སྣ་ཚོགས་བཞད་པ་དང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བ་བཅས་ཀྱི་སྐབས་འདིར་ང་ཚོས་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་68འཁོར་བར་བསུ་བ་ཞུས་ཡོད། 

    ལོ་68གོང་གི་ཟླ་5ཚེས་23ཉིན་ནི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པའི་ཉིན་མོ་ཞིག་ཡིན་པ་ཐག་ཆོད་པ་དང་། ཉིན་དེར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་དབར《བོད་ཞི་བའི་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》བཞག་པ་དེའི་ཐོག་ནས་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་པ་མཚོན་ཡོད། དུས་དེ་ནས་བཟུང་གངས་ལྗོངས་ས་མཐོར་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་བརྙས་བཅོས་མྱོང་བའི་དུས་རབས་རྙིང་པ་མཇུག་འགྲིལ་ནས་དར་རྒྱས་གོང་འཕེལ་དང་ཤེས་དཔལ་ཡར་ཐོན་གྱི་དུས་རབས་གསར་པར་སྐྱོད་འགོ་ཚུགས་ཡོད། 

    དེ་ནི་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་རླབས་ཆེན་ཁ་ཕྱོགས་སྒྱུར་མཚམས་ཤིག་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཤང་ཀང་དང་ཨའོ་མོན་ཕུད་པའི་མེས་རྒྱལ་སྐམ་ས་ཆེ་མོ་གཅིག་གྱུར་བྱུང་བ་དང་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོ་བྱུང་བ་མཚོན་ཡོད། བོད་ཞི་བའི་བཅིངས་འགྲོལ་བཏང་ནས་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་རྦད་དེ་མཐར་སྐྲོད་བཏང་བ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་པ་དང་། ཕྱི་རོལ་ཕྱོགས་གཏོགས་ཀྱིས་བོད་འདི་ཉིད་མེས་རྒྱལ་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་པའི་ངན་ཇུས་རྦད་དེ་ཐལ་བའི་རྡུལ་དུ་བརླགས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་པ། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་འགྱུར་ལྡོག་གཏོང་ཆེད་ཆ་རྐྱེན་བསྐྲུན་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་གཏོང་བའི་མདུན་ལམ་བཟང་པོ་བཏོད་པ། བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ནས་བོད་ཀྱི་དར་རྒྱས་ཡར་ཐོན་གྱི་འོད་ཟེར་ལྡན་པའི་མདུན་ལམ་བཏོད་པ་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་། ཡར་ཐོན། དར་རྒྱས། གོང་འཕེལ་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་བསྐྱོད་པ་རེད། 

    ལོ་68ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཡུད་ཙམ་ཞིག་ཡིན་མོད། འོན་ཀྱང་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོས་ནས་བརྗོད་ན་དུས་བབ་ཀྱི་འཕོ་འགྱུར་ཆེན་པོ་ཞིག་རེད། ལོ་68རིང་རང་རེའི་ཏང་གིས་བོད་དུ་བོད་ཞི་བའི་བཅིངས་འགྲོལ་གཏོང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་པ་བཅས་ཀྱི་དོན་ཆེན་5བསྒྲུབས་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་རེད། 

    བོད་ཞི་བའི་བཅིངས་འགྲོལ་བཏང་ཚུན་གྱི་ལོ་68ནི་ཏང་གི་མི་རིགས་སྲིད་ཇུས་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལེགས་གྲུབ་ལྡན་པའི་ངང་ལག་བསྟར་བྱས་པའི་ལོ་68ཡིན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་མི་བྱེད་མཁན་གཅིག་ཀྱང་མེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་རླབས་ཆེའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བའི་འབྲས་བུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད། དུས་མཚུངས་གཞོམ་ཞིག་མེད་པའི་བདེན་དོན་ཞིག་ར་སྤྲོད་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་མེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པ། བློ་བརྟན་འགྱུར་མེད་ངང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བཅས་བྱས་ཚེ་གཞི་ནས་བོད་ལ་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་དེ་རེད། 

    དུས་རབས་གསར་པའི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་བོད་ཞི་བའི་བཅིངས་འགྲོལ་བཏང་བར་དྲན་གསོ་ཞུ་དོན་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ད་ཆར་གཅེས་སྤྲས། འབྱུང་འགྱུར་གསར་གཏོད་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་མུ་མཐུད་འབད་འབུངས་ཀྱིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེའི་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།