[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་དགོས།

    ​ —— “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོན་པ་བྱ་རྒྱུའི་སྐོར་གྱི་དཔྱད་གཏམ་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-06-12

    ཐོག་མའི་བསམ་འདུན་མ་བརྗེད་ན། མཐའ་མའི་འབྲས་བུ་ལག་ཏུ་སོན། འགན་འཁྲི་བློར་བརྟན་པོར་བཅངས་ན། ད་གཟོད་མགོ་མཇུག་རྒྱུན་འཁྱོངས་ཐུབ། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པའི་ཐད་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་ཡིན་པས་དོན་སྙིང་གལ་ཆེ་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས་ང་ཚོས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་ལྟེ་བའི་དོན་སྙིང་སྟངས་འཛིན་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་པ་དེ་ནི་དུས་དང་སྐབས་ལ་འཁེལ་བས་དོན་སྙིང་གཏིང་ཟབ་ལྡན་ཡོད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ད་རེས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ཁོང་དུ་ནན་པོ་ཆུད་པ་བྱས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་བཅོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཐའ་མཚམས་འཛུགས་སྐྲུན་མགྱོགས་མྱུར་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་ཕྱོགས་ཁག་ལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་ལྟ་བྱེད་དགོས།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བཏོན་པས་ང་ཚོར་ལས་ཀའི་ཁྲོད་གནད་དོན་གང་ཞིག་འཕྲད་རུང་ཚང་མར་དེའི་ཁྲོད་ནས་ལན་དང་བྱེད་ཐབས་འཚོལ་ཐུབ་པ་དང་། ང་ཚོས་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པ་དང་དམིགས་སར་དོན་འཁྱོལ་ཐུབ་ཚེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་། ཡིད་ཆེས། སྟོབས་ཤུགས་བཅས་ལྡན་ངེས་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་། སློབ་སྦྱོང་དང་། བསམ་གཞིག བེད་སྤྱོད་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཤེས་བྱ་དང་། དད་སེམས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བསམ་གཞིག་གཏིང་ཟབ་བྱས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་ལ་སྐུལ་འདེད་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནང་སེམས་སུ་ཟུག་པ་དང་ཕྱི་ལག་ལེན་ལ་འཁྱོལ་བར་བྱེད་པ་དང་། དད་སེམས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ། བསམ་པའི་འཚོ་བཅུད་འདང་ངེས་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་ཡོང་བ་བཅས་བྱེད་དགོས།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་རེད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཏང་གི་གསར་གཏོད་འཇོན་ཐང་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་སྔར་བས་ཆེ་རུ་གཏོང་དགོས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་པོ་བྱེད་པ་དང“བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་གནད་དོན་ལ་དམིགས་ཏེ་རུས་འབྲད་སྨན་བཅོས་ཀྱི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་ངར་ཤུགས་ལ་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ངན་པ་བཟོ་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་གནད་དོན་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད། མིག་སྔར་རང་ལྗོངས་ཡུན་རིང་བདེ་འཁོད་ཀྱི་འགག་རྩའི་དུས་སྐབས་དང་། ཡུན་རིང་འཕེལ་རྒྱས་འགྲོ་བའི་དུས་སྐབས། སྒྱུར་བཅོས་ཟབ་གཏོང་གི་འགག་སྒྲོལ་དུས་སྐབས་བཅས་སུ་སླེབས་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པར་དེ་བས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས་ཀྱི་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་རིན་ཐང་གི་ལྟ་བ་བརྟན་པོར་བཙུགས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བསམ་པའི་ཀུན་སྤྱོད་ཀྱི་ཞུན་བརྡར་ལ་སྐུལ་སློང་དང་སྐུལ་ལྕག་བྱེད་པ་དང་། “བློ་བརྟན་འགྱུར་མེད་ལྔ་དང་འགན་ལེན་ལྔ”ལ་དམིགས་པ། མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་འདིར་དམ་པོར་དམིགས་པ། ཤ་ཤོར་ལྤགས་འབུད་ཀྱི་ལས་ཀའི་ངར་ཤུགས་ལ་བརྟེན་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།