[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམིགས་ཚད་དང་བླང་བྱ་ཁ་གསལ་ཡོང་བ་བྱས་ཏེ་འབེན་ཡོད་སར་མདའ་འཕེན་རྒྱུ་མཐའ་འཁྱོངས་བྱེད་དགོས།

    ​ —— “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོན་པ་བྱ་རྒྱུའི་སྐོར་གྱི་དཔྱད་གཏམ་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-06-13

    དམིགས་ཚད་ཁ་གསལ་བྱུང་ཚེ་བྱ་སྤྱོད་ལ་སྣེ་འཁྲིད་ཐུབ་པ་དང་། འབེན་ཡོད་སར་མདའ་འཕེན་ཚེ་ད་གཟོད་ངལ་ཆུང་འབྲས་ཆེ་ཐོབ་ངེས་ཡིན།

    “རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཕན་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ། ལས་སྒྲུབ་ལས་གཏོད་ཐད་འགན་འཁྲི་ཁུར་ཐུབ་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་ཞིབ་ཕྲའི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ཏེ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོན་པ་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་བཏོན་གནང་བའི་ཞིབ་ཕྲའི་དམིགས་ཚད་ལས་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱའི་ནང་དོན་ཟབ་མོ་སྔར་བས་གསལ་བཤད་དང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། ཆབ་སྲིད། སྤྱོད་ཚུལ། འཇོན་ཐང་།སྲིད་གཙང་སོགས་ཐད་ཀྱི་གཞི་རྩའི་བླང་བྱ་མངོན་ཡོད་པས་ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྗོད་དོན་གཙོ་བོར་དམིགས་ནས་འགག་རྩར་དམ་འཛིན་བྱེད་པ་དང་། དམིགས་ཚད་ལ་དམིགས་ཏེ་འབེན་ཡོད་སར་མདའ་འཕེན་ནས“གཏན་འཁེལ་གྱི་བྱ་སྤྱོད”དོན་འཁྱོལ་ཐུབ་པ་དང“རང་འདེམས་བྱ་སྤྱོད”ལ་བཀྲག་མདངས་འཚེར་བར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་སྔོན་དཔག་གི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

    ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཁོང་དུ་ཆུད་མིན་ལས་བསམ་བློའི་གནས་ཚད་དང་། བསམ་ཕྱོགས་ཀྱི་མཐོང་རྒྱ། ཆབ་སྲིད་ཀུན་སྤྱོད་ཀྱི་གཏིང་ཚད་བཅས་གཏན་འཁེལ་བྱེད་ཀྱི་ཡོད། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་བྱེད་པར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བོད་འདི་ཉིད་ས་བབ་མཐོ་རུང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གི་ཚད་གཞི་དེ་བས་མཐོ་བ་དགོས་པའི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་གོ་བ་ལེན་ཟབ་ཏུ་གཏོང་བ། སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པ་དང་གོ་བ་དཔྱིས་ཕྱིན་པ་ལོན་པའི་ཁྲོད་སྙིང་དོན་ཁོང་དུ་ཆུད་པ་བྱེད་པ། རྨོངས་མུན་སེལ་བ་དང་མྱོང་ཚོར་ཟབ་མོ་བྱུང་བའི་ཁྲོད་བསམ་པའི་སྟོབས་ཤུགས་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་བྱེད་པ། སློབ་སྦྱོང་བྱེད་བཞིན་བསམ་གཞིག་དང་ལག་ལེན་ཁྲོད་ནས་གོ་བ་ལེན་ཐུབ་པ་དང་། ཡིད་ཆེས་དང་ལག་ལེན་ཏན་ཏིག་བྱེད་པའི་ཁྲོད་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པ་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དེ་འཇོན་ཐང་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་གོ་མཚོན་དྲག་པོ་ཞིག ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་གཞི་རྩའི་བྱ་ཐབས་བཅས་ལ་འགྱུར་བ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་དམ་ཚིག་སེམས་སུ་ངེས་ནས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་དགོས།

    བསམ་བློ་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བོད་དུ་གསོ་རླུང་དཀོན་པ་དང་རླུང་གནོན་དམའ་རུང་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཚད་གཞི་དམའ་རུ་གཏོང་མི་རུང་བའི་བསམ་བློ་བརྟན་པོ་འཛུགས་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་ཡོན་ལས་བྱེད་པར་མར་ཁེ་སིའི་རིང་ལུགས་ལ་དད་མོས་བརྟན་པོ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བཅངས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གྱིས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས་པ་དང་། ཀུན་སྤྱོད་བཟང་པོར་མིག་དཔེ་བལྟས་ཏེ“བོད་སྐྱོད་པ་རྒན་གྲས”དང་། གསར་བརྗེའི་རྒན་རབས་པ། དུས་རབས་ཀྱི་མིག་དཔེ། དཔའ་བོའི་མིག་དཔེ་སོགས་སྔོན་ཐོན་བྱས་རྗེས་ཁྲོད་ནས་བསམ་བློར་ཞུན་བརྡར་དང་བསམ་པའི་འདེགས་སྐྱོར་དང་ལེན་ཐུབ་པ་བྱས་ཏེ་རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པའི་སེམས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་པ། ཡང་དག་པའི“ལྟ་བ་ལྔ”དང“སྨྲ་བ་གཉིས”བཙུགས་ནས་རང་རྟོགས་ངང་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ལ་ལྷག་བསམ་རྣམ་དག་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ་བྱེད་པར་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི“དོན་ཆེན་གསུམ”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ཁྲིད་སྟོན”ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་ནས་མང་ཚོགས་ཚོར་དེང་གི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་དེ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་བསྒྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱེད་ཐབས་སུ་བྱེད་པ་དང་། མྱུར་སྒྲུབ་ཀྱི་དམངས་ཕྱུག་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པར་བཟོ་བའི་དམིགས་ཚད་ལ་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་ཧུར་ཐག་བསྐྱོད་དགོས། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་བླངས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་རྒྱུར་དམིགས་པ་དང་ཆ་རྐྱེན་འཛོམས་སར་ལྗོན་ཤིང་བཏབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བར་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་ལ་སློབ་གསོ་ཁྲིད་སྟོན་གྱིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་དམངས་ཆེད་ཁེ་ཕན་དོན་གཉེར་དང་དམངས་ཆེད་འགན་འཁྲི་སྒྲུབ་པའི་ཕན་འབྲས་ལ་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། དམངས་འཚོའི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལས་དོན་མཐའ་དག་གི་ནུས་ཤུགས་དམངས་འཚོ་ལེགས་སུ་གཏོང་བའི་ཐོག་གཅིག་སྡུད་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམངས་འཚོ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ་གསལ་པོ་རྟོགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་དགོས།

    སྤྱོད་པ་ཚུལ་མཐུན་དང་རྒྱུ་རྔན་ལ་འདོད་ཞེན་མི་བྱེད་པ་ནི་གུང་ཁྲན་ཏང་མི་ཞིག་བྱེད་པའི་རྩ་བ་ཡིན། རང་ལུས་རང་གཅེས་དང་སྒེར་དོར་སྤྱི་སྐྱོང་ནི་ཏང་ཡོན་ལས་བྱེད་པའི་སྲིད་སྐྱོང་གི་རྨང་གཞི་ཡིན། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་རྒྱུ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བོད་ཀྱི་དངོས་ཡོད་ཆ་རྐྱེན་དམིགས་བསལ་ཡིན་རུང་ཏང་ནན་པོས་སྐྱོང་རྒྱུ་དང་རུལ་རྒོལ་གཙང་སྤེལ་ཐད་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་ཆབ་སྲིད་རང་གཤིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། དེ་བཞིན་ལག་བསྟར་ཞིབ་སྲོལ་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་ལག་བསྟར་ནན་པོ་བྱེད་པ། གཞུང་སྒེར་དང་། འོས་འགན་དང་ཁེ་ཕན། ཡིན་མིན། བརྩེ་སེམས་དང་བཅའ་ཁྲིམས། གྲོན་ཆུང་དང་རྒྱས་སྤྲོས། དཀའ་སྡུག་དང་སྤྲོ་སྣང་། ཁེ་གྱོང་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཆབ་སྲིད་དང་། སྒྲིག་ཁྲིམས། ཀུན་སྤྱོད། རུལ་རྒོལ་བཅས་ཀྱི་ངེས་ཤུགས་ཆེ་རུ་བཏང་ནས་གངས་ལྗོངས་ས་མཐོར་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས། ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་འཁུར་པོ་ཡང་དུ་གཏོང་བའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། གཞི་རིམ་གྱི་འཁུར་པོ་ཡང་དུ་ཏན་ཏིག་བཏང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཁུར་ཕོད་ལ་བྱས་རྗེས་འཇོག་ཐུབ་པའི་སྐུལ་ལྕག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།