[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་མངགས་བཅོལ་ཟབ་མོ་རང་རྟོགས་ངང་དོན་འཁྱོལ་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-06-18

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་གནང་ནས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”གཉེར་བར་རྟེན་འབྲེལ་ཞུས་པ་དང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་གནས་བབ་གལ་ཆེན་སླར་ཡང་ནན་བཤད་གནང་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བའི་དོན་སྙིང་གལ་ཆེན་གཏིང་ཟབ་བསྟན་གནང་བ། བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་གནང་བ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཆེད་ཁ་ཕྱོགས་གཏན་འཁེལ་དང་འཆར་གཞི་བཀོད་གནང་བ་བཅས་ལས་ངེད་ཚོར་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གིས་བོད་ཀྱི་འཐབ་ཇུས་གནས་བབ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་གནང་བ་དང་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ནི་ཀྲུང་གོའི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བཅས་ཡིན་པ་དེ་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་ཧ་ཅང་གལ་ཆེའི་རང་བཞིན་མངོན་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་འཐབ་ཇུས་གནས་བབ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་དང་རྒྱལ་ནང་དང་། སྤྱི་ཡོངས་དང་མཐའ་མཚམས། ལོ་རྒྱུས་དང་དོན་དངོས་བཅས་ཀྱི་སྤྱི་ཡོངས་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་ལས་དོན་ལ་རྒྱལ་ཁབ་ཀྱི་རིམ་ངོས་ནས་འཐབ་ཇུས་བརྡར་ཤ་འགངས་ཆེན་བཅད་པ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས།

    དེ་ལྟ་བུའི་འཐབ་ཇུས་གནས་བབ་ཀྱིས་འཛམ་གླིང་ཡོངས་ལ་བོད་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ལྗོངས་ཡིན་པ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་ཤེས་དཔལ་འཛུགས་སྐྱོང་ཁྲོད་བོད་ཀྱིས་བདེ་འཇགས་སྲུང་ཡོལ་གྱི་གནས་བབ་གལ་ཆེན་བཟུང་ཡོད། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། བོད་ཀྱིས་བློ་རྒྱ་ཡངས་པོས་འཛམ་གླིང་ཡོངས་ཀྱི་གྲོགས་པོར་དགའ་བསུ་ཞུ་བ་བཅས་ཁྱབ་བསྒྲགས་གསལ་པོ་བྱས་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་མི་དམངས་རང་ཁྱིམ་རང་བདག་གི་རྩ་བའི་རྒྱུ་རྐྱེན་གསལ་སྟོན་གཏིང་ཟབ་གནང་ཡོད། བོད་དུ་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཁྱབ་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་འཕོ་འགྱུར་བྱུང་བའི་སྒུལ་ཤུགས་གང་དུ་ཡོད་ཞེ་ན། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་པ་དེ་ཡིན་པ་དང་། འབྱུང་རྩ་གང་ལགས་ཤེ་ན། རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་བོད་ཀྱི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་རྩ་བའི་འགན་ལེན་ཡིན་པ་གསལ་སྟོན་ཟབ་མོ་གནང་བ་དང་། རང་རེའི་ཏང་གིས་བོད་དུ་སྲིད་སྐྱོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་སྟོན་གཏིང་ཟབ་གནང་བ་དེ་རེད། ང་ཚོས་གུང་ཁྲན་ཏང་མེད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད་པ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་སེམས་ནམ་ཡང་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ་པ་ངོས་འཛིན་གཏིང་ཟབ་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་སེམས་ནང་བརྟན་པོར་ངེས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་བཅས་རེད། 

    སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི་རྩ་བའི་རྒྱུ་རྐྱེན་གསལ་སྟོན་གཏིང་ཟབ་གནང་བ་དང་རྩ་བའི་རྒྱུ་རྐྱེན་དེ་ནི་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། བོད་ཀྱི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་རེད། 

    སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་གསལ་བཤད་གཏིང་ཟབ་གནང་ཡོད། རྟེན་འབྲེལ་འཕྲིན་ཡིག་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་རྒྱས་གཏོང་བ། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་བ། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བཅས་ཀྱི་ཐོག་ནས་བོད་ཀྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་པ་དང་གནམ་ས་གསར་པ་གཏོད་པར་ཐབས་ལམ་གྱི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་སེམས་ནང་བརྟན་པོར་ངེས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དུས་རབས་གསར་པའི་བོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་འབུངས་ཆེན་པོས་རྩོམ་དགོས། 

    སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་གང་ནས་བྱུང་བ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཇི་འདྲ་ཞིག་བརྒྱུད་མྱོང་བ། འཕེལ་རྒྱས་ཇི་ལྟར་གཏོང་བ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་སྟོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་གཟབ་བཞེས་དང་། མངགས་བཅོལ་ཟབ་མོ། འོད་སྟོང་འཕྲོ་བའི་དགོངས་པ་བཅས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཕྱོགས་ཁག་ཐད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག་བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།