[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླུང་བརྟེན་རླབས་གཤགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-06-19

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”གཉེར་བར་རྟེན་འབྲེལ་ཞུས་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་ཡིག་འབྲུ་རེ་རེའི་ཐོག་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས། བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་ཐུགས་རེ་ཟབ་མོ་བཅས་མཚོན་ཡོད། བཀའ་མངགས་རེ་རེ་བཞིན་མི་སེམས་ལ་ཟུག་པ་དང་ཤུགས་སྒྲིལ་འབད་འབུངས་བྱེད་པའི་དུས་ལ་བབ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩིས་ནས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་དང་། སྙིང་དོན་ཟབ་མོ་ཁོང་དུ་ཆུད་པ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་འགྱུར་ནས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་གོང་འོག་སེམས་པ་གཅིག་མཐུན་གྱིས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་བྱ་གཞག་ཁག་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་བློ་རྩ་བརྟན་པོས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་དང་འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་རང་རྟོགས་བྱ་སྤྱོད་ལ་བརྟེན་ནས་ཐུགས་ཁུར་གཟབ་བཞེས་གནང་བར་བཀའ་དྲིན་འཇལ་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་། 

    སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནང་གི་བོད་ཀྱི་འཐབ་ཇུས་ངེས་གནས་སེམས་ལ་བརྟན་པོར་ངེས་ཏེ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཁྲོད་ཀྱི་ངེད་ཚོའི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་བ་དང་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་ཁུར་སེམས་ཆེ་རུ་ཏན་ཏིག་བཏང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བའི་རྩ་བའི་རྒྱུ་རྐྱེན་གསལ་སྟོན་གཏིང་ཟབ་གནང་བ་སེམས་ལ་བརྟན་པོ་ངེས་ཏེ་ཏང་གི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མི་དམངས་རང་ཁྱིམ་རང་བདག་གི་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེན་གྲུབ་འབྲས་དེར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཐོག་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་བྱ་རྒྱུ་གཅིག་གྱུར་ཡག་པོ་བྱེད་དགོས་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི་རྩ་བའི་རྒྱུ་རྐྱེན་གསལ་སྟོན་གཏིང་ཟབ་གནང་བ་སེམས་ལ་བརྟན་པོ་ངེས་ཏེ་དེ་བས་རང་རྟོགས་སྒོ་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་བཅས་ཟུང་འབྲེལ་ཡག་པོ་བྱས་ཐོག་དྲིན་ཚོར་གྱི་བསམ་པ་དང་རྒྱལ་གཅེས་བརྩེ་སེམས་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་འབུངས་ཆེན་པོས་སྐུལ་འདེད་གཏོང་དགོས་པ་བཅས་རེད། 

    སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅིའི“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གཞི་འཛིན་སར་བརྩིས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ཧུར་བརྩོན་ཡར་ཐོན་དང་འབད་འབུངས་ཡར་བརྩོན་བྱས་ཏེ་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་སླར་ཡང་དུས་རབས་ཀྱི་རོལ་དབྱངས་དཀྲོལ་དགོས་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། ལས་ཞུགས་སྔོན་སྒྲུབ་ཀྱི་སྲིད་ཇུས་དོན་འཁྱོལ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པ་བྱེད་དགོས། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཕུལ་བྱུང་རིག་གནས་དར་རྒྱས་གཏོང་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་བོད་དུ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ལ་བརྟེན་ནས་མི་སེམས་དང་སྟོབས་ཤུགས་གཅིག་སྡུད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྙིང་དོན་དང་། སྐྱེ་སྟོབས། གསོན་ཤུགས་བཅས་གསར་པ་ཟམ་མི་ཆད་པར་སྣོན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བཙུགས་ནས་བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་སྐྲུན་དགོས། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། སྣོད་བཅུད་ཁོར་ཡུག་ལེགས་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཤིག་རེད་ལ་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་ཀྱང་རེད། ང་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་བ་དང་། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་གཏོང་བ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མིག་འབྲས་ལ་གཅེས་འཛིན་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ“སའི་གོ་ལའི་སྣེ་གསུམ་པ”སྲུང་སྐྱོང་ཡག་པོ་ཏན་ཏིག་དང་འཛམ་གླིང་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་སྤེལ་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་ནི་སྒོ་དབྱེའི་འཕེལ་རྒྱས་ཤིག་ཡིན་པ་དང་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱང་སྒོ་དབྱེའི་འཕེལ་རྒྱས་ཤིག་རེད། བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་གོམ་སྟབས་དེ་བས་བདེ་རྩལ་འཁྱུག་པོ་ཡོང་བར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྤྱིའི་སྒྲོམ་གཞིའི་ནང་ས་བབ་ཀྱི་་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་བཅས་ལ་བརྟེན་པ་དང་། ཀྲུང་གོའི་ནང་སར་བརྟེན་ནས་ཨེ་ཤེ་ཡ་ལྷོ་རྒྱུད་ས་ཁུལ་ལ་ཕྱོགས་པ། ཧེ་མ་ལ་ཡ་སྐོར་བའི་དཔལ་འབྱོར་མཉམ་ལས་རྒྱུད་ལ་དམིགས་པ། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་ཞུགས་པ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བརྒྱུད་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་བོད་ལྗོངས་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་ནུས་ལྡན་སྤྱད་དེ་ཉེ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་དབར་སྲིད་ཇུས་འབྲེལ་མཐུད་སྔར་བས་གཏིང་ཟབ་དང་། སྒྲིག་བཀོད་མཉམ་འབྲེལ་ལ་ཤུགས་སྣོན། ཚོང་དོན་ཤར་གཏོང་གོང་མཐོར་གཏོང་བ། མ་དངུལ་མཉམ་སྤྱོད་རྒྱ་ཆེར་གཏོང་བ། དམངས་སེམས་གཅིག་སྦྲེལ་ལ་སྐུལ་འདེད། ཚན་རྩལ་ཕན་ཚུན་འབྲེལ་མཐུད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།